[A:༤༩༡]བྱུང༌། དེ་ནས་གཙང་པ་སྐུ་མཆེད་འགྲིག་ཟེར་བའི་གཏམ་སྙན་དར་འཕྱར་དང་བཅས་པ་དང༌། ཀུན་སྤངས་དྲུང་རང་ཡང་ཕེབས་དཔོན་གཡོག་མཆོད་ཡོན་ཐམས་ཅད་ཤིན་ཏུ་དགྱེས་ཤིང་བཀྲ་ཤིས་པར་གྱུར་ཏོ། །གཞིའི་བདག་མོ་གདོང་ཕམ་གསོལ་བ་འདེབས། །ཁོང་ཆོས་སྲུང་ཞལ་མཐོ་བར་ཆད་བསྲུངས། །ངེད་ཡོན་མཆོད་བཀྲ་ཤིས་ཕུན་སུམ་ཚོགས། །ཕྱོགས་ཀུན་ཏུ་སྙན་གྲགས་རྣ་བའི་རྒྱན། །དེ་ནས་ངེད་རང་གྲྭ་པ་རྣམས་ཀྱིས་ཀྱང་བྱ་གཤོངས་རང་གི་ལུགས་བཞིན་ཐོ་རེངས་སྔ་མོ་ནས་ཞོགས་ཆོས། ཚ་གྲོལ་ལ་སྔ་ཆོས་གཉིས། གུང་ཚིགས་ཐོན་ནས་དགོངས་ཆོས་གཉིས། ཆོས་བརྗོད་རིགས་ལུང་སོགས་འཆག་མེད་དུ་བྱས་པས་སྦྱིན་བདག་དང་ཕྱོགས་ཀྱི་མི་རྣམས་ངོ་མཚར་དུ་རྩི་ཞིང་དད་སྤྲོ་བསྙེན་བཀུར་ཕུན་སུམ་ཚོགས་པ་གྲགས་དཀར་གྱིས་བརྒྱན་པ་བྱུང་བ་ཡིན་ནོ། །ས་འཛིན་རི་བོའི་སྤོ་ལ་བརྗིད་ཆགས་མཁར། །བསམ་གྲུབ་རྩེ་ཞེས་དཔའ་བོའི་མདུན་ནས་བདར། །རུ་མཚོན་ངོམ་པའི་མདུན་སར་འཕྱ་བ་བཞིན། །ལེགས་བཤད་སྒྲོག་ལ་བསྟོད་བཀུར་བསྔགས་པས་བྲེལ། །ཁྱུ་མཆོག་ཅེས་པ་ལྕགས་མོ་སྦྲུལ་གྱི་ལོ་ཉང་སྟོད་འབྲོང་རྩེ་དང་དབང་ལྡན་ནས་བཟོ་རིགས་པ་བཅུ་གཉིས་པོས་དཔྱིད་ཟླ་ཕྱེད་བཞིའི་བར་ལ་འདུ་ཁང་གི་སྐྱ་དང༌། ཤིང་བརྩེགས་ཉི་ཤུ་རྩ་གཅིག་དང་བཅས་པའི་ཐོག་ཕུབས། འདུ་ཁང་གི་རྒྱུག་རྣམས་རྩེ་ཆེན་ནས་གཅོད་མི་གནང་བ་རྣམ་ཐུག་བསྐྱལ། པ་རྣམས་ནས་སྣར་ཐང་ཐུག་ཚོང་འདུས་པས་བསྐྱལ། སྣར་ཐང་ནས་གནས་ཐུག་སྣར་ཐང་པས་བསྐྱལ། དེ་ནས་རྫི་ལུང་ཐུག་གནས་པས་བསྐྱལ། དེ་ནས་བྱ་གཤོངས་ཐུག་རྫི་ལུང་པས་དང་བླངས་བྱས་བསྐྱལ། གཞན་ལམ་བར་གྱི་དཔོན་ཆེན་རྣམས་ལ་ཞུ་ཤོག་རྟེན་བཅས་རེ་ཕུལ་བས་ཆོག་པ་བྱུང་ལགས་