[A:༤༩༢]སོ། །གཙུག་ལག་ཁང་དང༌། འདུ་ཁང་གི་སྤེན་བད་དང་བཅས་པ་གྲུབ། ལས་བྱེད་པའི་ཚེ་ཡང་ཆོས་འཆད་མ་ཉམས་པ་བྱས། ཆོས་ཀྱི་གུང་གསེང་དང་མང་ཇའི་ཇ་གཞུག་ལ་གྲྭ་པ་བསམ་པ་དགེ་བ་རྣམས་ཀྱིས་དང་བླངས་བྱས་མགུལ་བ་མ་གཏོགས་ཁྲལ་སྐོས་བྱས་པའི་གཞུར་ཡང་གཏན་མ་དགོས། སྤེན་བད་སྤེན་མ་རྣམས་ཀྱང་ཕུ་གསུམ་བྱང་སེམས་ཀྱི་གཡོག་བསྐུལ་རྩག་སྐྱེལ་བྱས། ལས་མི་རྣམས་ལ་ཇ་གཞུག་གི་ཇ་རེ་མ་གཏོགས་སྐྱུར་གྱི་རྫི་གཅིག་ཀྱང་མེད་པ་བྱས། འདུ་ཁང་གི་ཐོག་ཕུབ་པའི་དགའ་སྟོན་ལ་རོང་མཚོ་ནས་ས་སྐྱོང་མིའི་དབང་པོ་ནམ་མཁའ་དཔལ་འབྱོར་ཡབ་ཡུམ་ཕེབས། མང་ཇ་གོར་བུར་སྟོན་ལེགས། འབུལ་སྐྱེས་བཟབས་མ་དང་བཅས་དགེ་འདུན་ལ་མང་ཇ་ཞིབ་འབོ་སོགས་མཛད། དེ་ཉིན་བཀྲ་ཤིས་པའི་གསོ་སྦྱོང་མཛད་དེ་འདུལ་བའི་རབ་གནས། དགེ་འདུན་བློ་གསལ་རྣམས་ཀྱི་རིགས་པ་དང་ལུང་གི་རྣམ་གཞག་འུར་ཆི་ལེ་བ་དང༌། བཀྲ་ཤིས་པའི་མངའ་གསོལ་མེ་ཏོག་རྒྱས་པར་གཏོར་ཏེ་མདོ་ལུགས་ཀྱི་རབ་གནས། དེའི་ཚེ་འཇམ་མགོན་བླ་མ་མཁན་རིན་པོ་ཆེ་བློ་གྲོས་ཕྱོགས་ལས་རྣམ་རྒྱལ་དགུང་ལོ་བདུན་ཅུ་དོན་བདུན་བཞེས་པས་ཡ་ག་ཆོས་སྡིངས་ནས་སྤྱན་དྲངས་ཏེ་སྔགས་ལུགས་ཀྱི་རབ་གནས་མཛད། འདུ་ཁང་ཐོག་ཕུབས་མཚམས་ཐོ་རེངས་ཤིག་རྨི་ལམ་དུ་མི་དཀར་པོ་ཞིག་བྱུང་ནས་འདུ་ཁང་ལ་རབ་གནས་ཆགས་སོ་ཟེར་བ་ལན་གསུམ་ཙམ་བྱུང་བས་སེམས་དགའ་སྤྲོ་ཆེན་པོ་བྱུང༌། འོན་ཀྱང་རང་གིས་ཀྱང་དགྱེས་པ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས། དངོས་སྟ་སྦྲེལ་བའི་སྟ་གོན་ནུབ་གཅྀག །དངོས་གཞི་ནུབ་གཅིག །དེའི་ཐོ་རེངས་ཉི་ཤར་ལ་རབ་གནས་དངོས་གཞི་སྟེ། རབ་གནས་ནུབ་གཉིས་ཉིན་གསུམ་མ་རྒྱས་པར་བྱས་པ་ཡིན་