R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༡༠༦
[A:༡༠༦]བརྟག་པ་ལ། མཆོག་གི་སྤྲུལ་སྐུ་ཐམས་ཅད་མཁྱེན་པ་དེ་ཉིད་ལ་འཚུབ་ཆ་ཤིན་ཏུ་ཆེ་བ་འདུག་པས། སྐུ་རིམ་ཚན་གང་ཆེ་གནང་དགོས་ཚུལ་ཕེབས་པས། ནང་སོ་ཆོས་མཛད་པས་འབུམ་བརྒྱ་འཛུགས་པ་དང༌། རྗེ་འདི་པས་ཀྱང་བཟློག་པ་སོགས་གནང༌། དེ་ནས་མཁར་སྔ་ནས་ཀྱིས་བདེ་བ་ཅན་དུ་གདན་འདྲེན་ཞུས་པའི་རྒྱང་ཙམ་བཞུགས། སྐབས་རེ་སྐུ་ཁམས་ཅུང་ཟད་ལྟེམ་པ་འདྲ་བ་ནས། ཕྱག་གཡོག་པ་རྣམས་ཀྱིས་སྐུ་རིམ་བྱེད་པར་བརྩམས་ཚེ་ང་ལ་ནི་ན་རྒྱུ་མེད་གསུང༌། ཁྱེད་རང་ཚོ་ཚབ་ཚོབ་བྱས་གཞན་འདྲ་དུས་ལ་བབ་ན་སྨན་དཔྱད་རིམ་གྲོས་ཕན་པར་དཀའ་གསུང༌། དེ་ནས་སྣོན་བརྒྱད། སྐྱོར་མོ་ལུང་སྤར་ཕུ་སོགས་ནས་གདན་འདྲེན་བྱུང་བས། ཕྱག་གཡོག་རྣམས་ཀྱིས་སྐུ་ཁམས་ལྟེམ་དུ་འགྲོ་ཉེན་ཡོད་མི་ལེགས་ཞུས་པས། ད་ལྟ་ཕན་ངེད་རང་ལ་སྦྱིན་བདག་འདི་རྣམས་དད་མོས་སྒོམ་ཞིང་བློ་གཏད་པ་ཡིན་པས། ལབ་ཁར་མི་དགའ་བ་བྱས་ན་དགོས་པ་མེད་ཅིང༌། ད་ལན་ཙམ་མ་གཏོགས་ཡོང་ཐུབ་པ་དཀའ་གསུང༌། སྐྱིད་ཤོད་གཞུང་གི་སྦྱིན་བདག་དྲག་ཞན་ཚང་མའི་སར་ཕེབས། སོ་སོའི་ཐུགས་དང་མཐུན་པའི་བཀའ་ཆོས་གནང༌། དེ་སྔ་སྦྱིན་བདག་དྲག་ཞན་ཚང་མར་ངེད་འདི་ཙམ་ལ་སླེབ་ཡོངས། མཇལ་ལོ་གསུང་ཞལ་བཟང་རེ་ཚང་མར་གནང་གི་ཡོད་ཀྱང༌། རྗེས་མ་སྦྱིན་བདག་དྲག་ཞན་ཚང་མར། འཕྲལ་ཕུགས་ཀྱི་བསླབ་སྟོན་ཙམ་སོ་སོར་གནང་བ་མ་གཏོགས། རྗེས་སུ་ཕེབས་པའི་བཀའ་བཀོད་ཅིག་ཀྱང་མི་གནང༌། ལྷ་སར་ཕེབས་དུས་ཇོ་བོ་རིན་པོ་ཆེ་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་དང་ཁྱད་མེད་པས། ད་ལན་ཞལ་གསེར་དཀར་མེ་སྙན་དར་བཟབས་ནས་ཕུལ། སྨོན་ལམ་ཡགས་པོ་ཞིག་