R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༡༠༧
[A:༡༠༧]འདེབས་དགོས། ད་ལན་ཙམ་མ་གཏོགས་ཡང་ཡང་མཇལ་ཨེ་ཐུབ་མི་ཤེས་གསུང་བ་སོགས་བཀའ་བཀོད་དུ་མ་ཞིག་ཕེབས་ཀྱང༌། ཆོས་རྗེ་དབོན་པོ་ལ་སོགས་པའི་ཕྱག་གཡོག་རྣམས་ཀྱིས་བསམ་པར། སྐུ་མི་བདེ་བའི་ཆ་ཤས་ནི་གཅིག་ཀྱང་མེད། རེ་ཞིག་སྐུ་མཚམས་གནང་བའི་དགོངས་པར་འདུག་བསམ། ཡང་ཕྱག་ཕྱིར་ཁྱི་དཀར་པོ་ཤིན་ཏུ་ཐུ་བ་ཞིག་ཡོད་པ་ལ། ཕྱག་གཡོག་རྣམས་ཀྱིས་ཁྱི་འདི་མི་ཐུབ་འདུག་པས། ཇ་པ་ཞིག་ལ་སྟེར་དགོས་པ་འདྲ་ཞུས་པས། ངེད་རང་ཚོ་རིངས་མི་དགོས་རྟ་དྲེལ་འདི་པ་ཡང་འཚོང་དགོས་པའི་དུས་མྱུར་པོ་ཡོང་གསུང༌། ཁྱི་ལོ་ནས་བཟུང་སྐྱིད་འཕན་ལ་སོགས་པའི་སྦྱིན་བདག་རྣམས་ཀྱི་སྐུ་རིམ་མཛད་དུས་མགོན་པོའི་གཏོར་མ་རང་ལ་ལོག་ཡོང་བ་འབའ་ཞིག་བྱུང་བས། ཕྱག་གཡོག་རྣམས་ཀྱི་བསམ་པར་སྦྱིན་བདག་ལ་ལོད་དམ་བསམ་པ་ལ་རྗེ་འདི་མི་བཞུགས་པའི་རྟགས་སུ་འདུག །ཡང་དབོན་པོ་བ་གཤེགས་གྲུབ་ནས་རྒྱང་ཙམ་སོང་དུས། བདག་ལ་མདང་རྨི་ལམ་ལ་རོང་དང་ཉང་སྟོད་ཀྱི་མཚམས་འདྲ་བ་ཞིག་ན། གངས་རི་ཤིན་ཏུ་མཐོ་བ་སྐྱིད་པ་འཇའ་ཚོན་གྱིས་བསྐོར་བ་ཞིག་གི་རྩ་བར་བུད་མེད་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཞིག་འདུག །དེ་ལ་རི་འདི་ལ་ཅི་ཟེར་འདིའི་རྩེ་ན་སུ་ཡོད་གསུངས་པས། རི་འདི་ལ་འོག་མིན་ཟེར། འདིའི་རྩེ་ན་རིན་པོ་ཆེ་ཚར་ཆེན་བཞུགས་དབོན་པོ་ཡང་ཡོད་ཟེར། འོ་ན་ང་ཡ་གིར་འགྲོ་བས་ལམ་ག་ན་ཡོད་པ་གསུངས་པས། རིན་པོ་ཆེ་ད་ལོ་བྱོན་མི་ཐུབ་ད་བཟོད་བྱོན་ཟེར་བ་རྨི། ད་ལོ་རྨི་ལམ་ཤིན་ཏུ་གསལ་ཞིང་འོད་གསལ་གྱི་ཉམས་དེ་ཡང་བཟང་པོ་ཡོང་གི་འདུག་གསུང༌། ཨལ་ཏན་རྒྱལ་པོ་ལ་གངས་ཅན་མགོན་པོ་ཐམས་ཅད་མཁྱེན་པ་དབུས་གཙང་ལ་མྱུར་དུ་ཕེབས་དགོས་པའི་ཐུགས་