R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༡༠༥
[A:༡༠༥]ཞིང་མཆོག་བདེ་བ་ཅན། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཞིང་དེར་བཞུགས། །བདག་གི་གྲོགས་པོའང་གནས་དེར་རེ་ཞིག་སྡོད། །དེ་འདྲའི་ཞིང་དུ་བདག་དང་འཕྲད་པར་མཐོང༌། །དེང་སང་དུས་ནི་རྔ་མོ་རྡེའུ་དང༌། །བྲལ་བ་བཞིན་དུ་ཤེས་པ་ཡང་ཡང་འགྱུར། །འོན་ཀྱང་རྗེ་བཙུན་ཚར་པ་ཆོས་རྗེ་ཡི། །བཀའ་དྲིན་དག་ལས་འཁོར་འདས་ཆོས་རྣམས་ཀུན། །སྒྱུ་མ་རྨི་ལམ་འཁྱེར་སོ་ཤེས་པ་ཡོད། །དེ་ཡི་ངོ་བོ་འཁོར་འདས་དབྱེར་མེད་དུ། །རང་ངོ་ཤེས་པའི་བརྗོད་བྲལ་ངང་དུ་འཇོག །སྤྲོས་བཅས་ཆོས་རྣམས་ཇི་ལྟར་དགྱེས་དགྱེས་མཛོད། །དཀོན་མཆོག་བདེན་པའི་བཀྲ་ཤིས་དེང་འདིར་ཤོག །ཡང་རྗེ་རང་གི་ཡུམ་གཤེགས་དུས་ཨ་མ་དྲུང་པ་ངའི་གོང་ལ་གཤེགས་པ་ལེགས། ཇོ་བོ་དྲུང་པ་ངའི་གོང་ལ་གཤེགས་པ་ལེགས་གསུང༌། དེར་མ་ཟད་སྦྱིན་བདག་དད་པ་ཆེ་བ་སྡིག་པ་ཆེ་བ་ཞིག་འདུག་ན་ཡང་ཁོང་ངའི་སྔོན་ལ་སོང་ན་ངལ་བྱེད་རྒྱུ་ཞིག་ཡོད་དེ་གསུང༌། ཡང་ཨ་ཏ་བ་དང་ང་ལ་ལྟོས་པ་རྣམས་ཀྱང་རྗེ་བཙུན་ཚར་པ་ཆེན་པོས་རྗེས་སུ་འཛིན་པ་ཡོད་གསུང༌། ཕག་ལོ་སྟོན་དགའ་ལྡན་ཁང་གསར་དུ་ཕེབས་དུས། སྐྱིད་ཤོད་ཞབས་དྲུང་ཞལ་ངོ་སོ་སོའི་ཐུགས་བཞེད་དང་མཐུན་པའི་བཀའ་ཆོས་བསམ་གྱིས་མི་ཁྱབ་པ་གནང༌། མི་དབང་ཆེན་པོ་འདི་པས་འབུལ་བ་ཞབས་ཏོག་དཔག་ཏུ་མེད་པ་མཛད། སྐབས་འགའ་རེ་ཕྱག་གཡོག་རྣམས་ལ་ཨ་ཕོ་ནི་ད་ལོ་ཆོས་རྗེ་ཚར་པའི་དྲུང་དུ་རྒྱབ་འགྲོ་གསུང༌། བསྙེལ་གཞི་གཏན་མེད་པས་ཕྱག་གཡོགས་བཅར་བ་རྣམས་ལ་དོགས་པ་ཙམ་མ་བྱུང༌། དེ་ནས་ཤུན་དུ་ཞབས་དྲུང་བདག་མོས་གདན་འདྲེན་ཞུས། བཀའ་དབང་རྗེས་གནང་མང་པོ་གནང༌། བསྙེལ་གཞི་ལས་གྲོལ་བར་མཛད། རྗེ་འདི་པའི་ཐུགས་དམ་གྱི་ལྟས་དང་