[A:༡༠༨]དམ། གངས་ཅན་མགོན་པོ་བསོད་ནམས་རྒྱ་མཚོ་ཕེབས་ཐུབ་ན་དགོངས་ཏེ་སྤྲུལ་པའི་སྐུ་རང་ལ་མྱུར་དུ་ཕེབས་དགོས་ཚུལ་དང༌། ཨལ་ཏན་རྒྱལ་པོ་ལ་འདི་བཞིན་གནང་བ། ཨོཾ་སྭ་སྟི་སིདྡྷཾ། དལ་འབྱོར་ལྷུན་པོ་བསོད་ནམས་གངས་རིས་བསྐོར། །ཁྲིམས་ཀྱི་ཆུ་རྒྱུན་ཕན་བདེའི་ལོ་ཏོག་སྤེལ། །ལྷག་བསམ་རྒྱ་མཚོ་རྣམ་དཔྱོད་ཀླུ་དབང་གིས། །བརྟེན་པའི་འཁོར་ལོས་སྒྱུར་རྒྱལ་ཁྱོད་ཉིད་ནི། །སྔོན་གྱི་དགེ་ཚོགས་རྒྱ་ཆེན་པོ་ལས་བསྒྲུན་པས་ཡོན་ཏན་བདུན་དང་ལྡན་པའི་སྐུ་བརྙེས་ཏེ་ཡངས་པའི་ཁྱོན་མ་ལུས་པ་ཆོས་བཞིན་སྐྱོང་བའི་སའི་བརྒྱ་བྱིན་ཆེན་པོ་གང་དེ་ལ། ཆོས་སྨྲ་བའི་བཙུན་པ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོས་ཞུ་བ། སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཁྱོད་ཉིད། སྐུ་ཁམས་བཟང་ཞིང་ནང་དུ་ཐུགས་དམ་གྱི་ཉམས་བཞེས་ཟབ་མོའི་རྣལ་འབྱོར་ལས་མ་གཡོས་བཞིན་དུ། གཞན་ངོར་ཁྲིམས་གཉིས་ཀྱི་སྒོ་ནས་ཡངས་པའི་རྒྱལ་ཁམས་ཆོས་བཞིན་དུ་སྐྱོང་བར་བཞུགས་པའི་སྐབས་ནས། གངས་ཅན་འགྲོ་བའི་མགོན་པོ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་འགྲན་ཟླ་ཐམས་ཅད་དང་བྲལ་བའི་སྐྱེས་བུ་དམ་པ་བསོད་ནམས་རྒྱ་མཚོ་ཞེས་སྲིད་པ་གསུམ་ན་གྲགས་ཤིང༌། ལྷ་མི་ཐམས་ཅད་ཀྱི་སྐྱབས་དམ་པ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་རེག་ཅིང༌། ཞལ་གྱི་དཀྱིལ་འཁོར་ལེགས་པར་གཟིགས་པའི་ཡོན་མཆོད་ཞལ་མཇལ་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས་པའི་སྐབས་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་གཙུག་ལག་ཁང་ཆེན་པོར། མཆོད་པའི་ལྷ་རྫས་ཆེས་ཁྱད་པར་དུ་འཕགས་པ་འབུལ་བར། ཨ་སེང་དཔོན་སློབ་གནང་བ་དགའ་སྤྲོ་ཅི་ཡང་ཐོབ་ཅིང་