R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༡༠
[A:༡༠]ཚེ་ཕྱག་བྱས་ཕྱུགས་འཚོ་བའི་རྫི་བོ་མང་པོས་འོད་ཆེན་པོ་ཞིག་ལམ་སྟེང་དེར་བབས་པ་མཐོང༌། སང་ཉིན་རི་དེ་ལ་སོགས་ལྷ་བོན་པོ་སོགས་བོད་ཀྱི་རིགས་པ་ཅན་གྱི་མི་བཅུ་གཉིས་ཀྱིས་གཙོ་བྱས་ལྷ་མཆོད་བྱེད་མི་མང་དུ་བྱུང་བ་ལ། ཕྱུགས་རྫི་རྣམས་ཀྱིས་ཁྱེད་ཚོས་ལྷ་མཆོད་ལེགས་མདང་ལྷ་ཞིག་འོད་ཀྱི་རྣམ་པར་བྱས་ནས་བསངས་ཁྲུས་ཀྱི་རྫིང་ཁར་བབས་སོང་ཞེས་བཤད། ལྷ་མཆོད་པ་རྣམས་ཀྱིས་ཕྱིན་པ་ན། རྫིང་ཁ་ན་ཁྱེའུ་གཞོན་ནུ་འོད་ཀྱི་རང་བཞིན་མཚན་དང་ལྡན་པ་ཞིག་འདུག་ནས། ཁྱེད་གང་ནས་བྱོན་བྱས་པས་གནམ་ལ་མཛུབ་མོ་བཙུགས། འདི་ངེས་པར་གནམ་ནས་བབས་པར་འདུག་པས་ངེད་རང་རྣམས་ཀྱི་དཔོན་དུ་གདན་འདྲེན་ཟེར། ཁྱེམ་ཏོག་ལ་སོགས་པ་ཐམས་ཅད་སྦྲེལ་ནས་ཁྲི་བྱས། ཁོང་རང་རྣམས་ཀྱི་གཉའ་བ་ལ་བཏེག་ནས་སྤྱན་དྲངས་པས། བོད་ཀྱི་རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོ་ཞེས་བྱ་བར་གྲགས། དེ་ནས་གདུང་རབས་ཉི་ཤུ་རྩ་ལྔ་ནས། འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་རི་སྙན་ཤལ་ཞེས་བྱ་བ་བྱོན། དེའི་ཚེ་སྔ་དྲོ་ཉི་མའི་ཟེར་ལ་བྱོན་པའི་ཚུལ་དུ་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་ཙིནྡྷ་མ་ཎིའི་གཟུངས་ཞེས་བྱ་བ་གཙུག་ཏོར་དྲི་མེད་དང༌། མུ་ཏྲའི་ཕྱག་རྒྱ་ཞེས་པ་གསེར་གྱི་ཨོཾ་བཞི་སྒྲོམས་སུ་བྲིས་པ་དང༌། དབང་སྐོང་ཕྱག་བརྒྱ་པ་དང༌། ཤེལ་གྱི་མཆོད་རྟེན་ལ་སོགས་པ་རྒྱལ་པོའི་ཁང་ཐོག་ཏུ་བབས། རྒྱལ་པོ་འཁོར་བཅས་ཀྱིས་དེ་གང་ཡིན་ངོ་མ་ཤེས་མོད། བྱོན་པ་ཙམ་གྱིས་བོད་ལ་བདེ་སྐྱིད་བསམ་གྱིས་མི་ཁྱབ་པ་བྱུང་བས། མཚན་སྙན་པོ་གསང་བར་བཏགས་ཏེ་གསེར་སྐྱེམས་དང་གཡུ་སྔོན་ལ་སོགས་པ་བྱས། དེས་ན་རྒྱལ་པོ་འདིའི་རིང་ལ་དམ་པ་ཆོས་ཀྱི་དབུ་བསྙེངས་པ་ཞེས་གྲགས། དེ་ནས་གདུང་