[A:༡༡]རབས་ལྔ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རྒྱལ་པོ་སྲོང་བཙན་སྒམ་པོ་བྱོན། བལ་བཟའ་དང༌། རྒྱ་བཟའ་ལ་སོགས་པ་བས། ཇོ་བོ་མི་བསྐྱོད་རྡོ་རྗེ་དང༌། ཤཱཀྱ་མུ་ནེ་ལ་སོགས་པ་རྟེན་ཁྱད་པར་ཅན་སྤྱན་དྲངས། དམ་པའི་ཆོས་ཀྱི་སྲོལ་བཏོད། དེ་ནས་གདུང་རབས་ལྔ་ནས་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བྱོན། དེའི་རྗེས་སུ་རྒྱལ་པོ་གླང་མ་ཇིང་ཡོན་དུ་གྲགས་པ་བྱུང༌། དེའི་རྗེས་གླང་དར་མ་བྱུང༌། དེ་ལ་འོད་སྲུངས་དང་ཡུམ་བསྟན་གཉིས་སུ་གྱེས་པའི། འོད་སྲུངས་ནི། སྐུ་ཤིན་ཏུ་གཅེས་པས་ཉིན་མོ་མིས་བསྐོར། མཚན་མོ་མར་མེའི་འོད་ཀྱིས་སྲུངས་པས་ན་འོད་སྲུངས་ཞེས་ཟེར། འོད་སྲུངས་ཀྱི་སྲས་ལ། ལྡེ་དཔལ་འཁོར་བཙན། དེའི་ཆེན་མའི་སྲས་སྐྱིད་ལྡེ་ཉི་མ་མགོན་ཡིན་པས་དེ་ལས་མངའ་རིས་ཀྱི་རྒྱལ་པོ་བྱུང༌། ཆུན་མའི་སྲས་བཀྲ་ཤིས་བརྩེགས་པའི་དཔལ། འདི་གཉིས་ཀྱི་རྒྱལ་སྲིད་གང་ཡོད་རྣམས་ཡུམ་བརྟན་གྱིས་ཕྲོགས་པས་མངའ་རིས་ལ་བྲོས་ནས་མངའ་རིས་ཀྱི་རྒྱལ་པོ་མཛད་པ་ཡིན། བཀྲ་ཤིས་བརྩེགས་པ་དཔལ་ལ་སྲས་གསུམ་བྱུང་བ། དཔལ་ལྡེ། འོད་ལྡེ། སྐྱིད་ལྡེ་གསུམ་ཡིན་ཏེ། འདི་གསུམ་ལ་སྨད་དུ་བཞུགས་པའི་ལྡེ་གསུམ་ཟེར། དཔལ་ལྡེ་སྲས་མང་དུ་ཡོད་པ་ལས་ལྷ་རྩེ་བ། དེ་ནས་རིམ་བཞིན་བརྒྱུད་དེ་གདུང་རུས་གཅིག་གིས་གཅེན་གྱི་ཕྱག་ཕྱིར་འབྲངས་པ་ལ། གཡུ་ས་གཡང་མར་གྲགས་པ་སེང་གེའི་མགོ་ཅན་གྱིས་གཙོ་བྱས་དངོས་པོ་ཁྱད་པར་ཅན་རྔན་པར་གནང་ནས། ཁྱོད་རང་ཉང་བར་གྱི་ཡུལ་འདི་སྐྱོང་གསུང། ཉང་བར་དུ་བཞུགས་ནས་མཁར་བརྩེགས་ཏེ་དེ་ཉིད་བཟུང་བས། བོད་རྒྱལ་པོས་བཏབ་པའི་མཁར་ཡིན་པས། བོད་མཁར་