R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A):
[A:༩]བའི་འདུ་ཤེས་བསྐྱེད་པའི་སླད་དུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ། འཕྲིན་ལས་ཀྱིས་བསྟན་པའི་རྒྱུན་ཇི་ལྟར་གནས་པའི་ཚུལ་ལོ། །འཆི་མེད་གྲུབ་པའི་རིགས་ཀྱི་ས་འཛིན་རྩེར། །འཇམ་དབྱངས་མཁྱེན་བརྩེའི་འཚམས་སྨིན་རོལ་པ་ལས། །ལེགས་འོངས་ཐུབ་བསྟན་པད་ཚལ་བཞད་པའི་གཉེན། །རྗེ་བཙུན་ཉིན་བྱེད་དབང་པོ་ལ་ཕྱག་འཚལ། །དང་པོ་ལ། དེ་ལ་རྗེ་བཙུན་དམ་པ་འདིའི་རིགས་ཕུན་སུམ་ཚོགས་ཤིང་གཞན་ལས་ཁྱད་དུ་འཕགས་པའི་ཆེ་བ་ནི་འདི་ལྟར། འཇིག་རྟེན་ན་རྒྱལ་རིགས་དང༌། བྲམ་ཟེ་དང༌། རྗེ་རིགས་རྣམས་ཆེ་བར་བྱེད་པ་ལ། དེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་རྒྱལ་རིགས། དེ་ལས་ཀྱང་མཆོག་ཏུ་གྱུར་པ་ཤཱཀྱའི་རིགས་དེ་ལ་རེ་ཞིག་ན་རྒྱ་གར་དུ་རྒྱལ་པོ་སྐྱ་སེང་ལ་བུ་མིག་བྱ་ལྟར་མས་ནས་འགེབས་པ། སོར་མོ་དྲ་བས་འབྲེལ་བ་མཚན་དང་ལྡན་པ་ཞིག་བལྟམས། མཚན་མཁན་ལ་བསྟན་པས། འདིས་ཡང་ན་དགྲ་ཐམས་ཅད་འཇོམས། ཡང་ན་ཡབ་ཀྱི་རྒྱལ་རིགས་འཕྲོག་ཟེར་བ་ལ། ཧ་ཅང་ཡ་འུད་དུ་གྱུར་ནས་བདག་ཏུ་མ་བཟུང་བར་འབངས་རི་ཁྲོད་པ་རྣམས་ལ་སྦྱིན། དེ་དག་གིས་གསོས་པ་ན་ཁོང་རྣམས་ཀྱིས་ཟོས་པའི་ལྷག་མ་མི་ཟ། ནགས་ཚལ་རྣམས་ཀྱིས་གྲིབ་བསིལ་དང་རླུང་སྐྱོབས་སོགས་བྱེད། བྱ་དང་སྤྲེའུ་ལ་སོགས་པས་ཤིང་ཏོག་འབུལ། གར་གནས་སུ་འོད་ཁྱིལ་ལེ་ཡོང་བ་སོགས་བསོད་ནམས་དང་ལྡན་པའི་རྣམ་འགྱུར་དུ་མ་བྱུང༌། ཁོང་ཆེར་སྐྱེས་ནས་ང་སུའི་བུ་ཡིན་དྲིས་པ་ལ། ལོ་རྒྱུས་བསྙད་པས་ཐུགས་ཕྱུངས་ནས་ནགས་དང་རི་ལ་སོགས་པ་གཅིག་ནས་གཅིག་བརྒྱུད་ཅིང༌། འཁྱམས་པས་ཡར་ལྷ་ཤམ་བུའི་མགུལ་དུ་ཕེབས། དེ་ནས་ཤེལ་བྲག་གི་རྩེར་བྱོན། དེའི་