[A:༡༡༠]བཞེས་མཛད། སྐུ་ཁམས་སྐབས་སྐབས་ཅུང་ཟད་བསྙེལ་ཡོད་པ་ཞིག་བྱུང༌། རྒྱུན་པར་སྐྱིད་འཕན་སོགས་གང་ལ་ཕེབས་ཀྱང་སྐྱོན་ཅུང་ཟད་ཀྱང་མེད། གླིང་མཁར་དུ་ཞལ་ངོ་བསྙེལ་བ་སོགས་བྱུང་བས་བདག་ལ་འགྲོ་དགོས་ཕེབས་ནས་ཕྱིན། དཔོན་སློབ་ལོར་སྒྲུབ་མཆོད་ལ་ཕེབས། ཀྱེ་རྡོར་སྒྲུབ་མཆོད་གནང༌། སྐུ་མཚམས་སེ་བ་མཛད། བསྙེལ་རྒྱུ་ཅུང་ཟད་ཡོད་པ་ལ་སྐུ་བཤལ་ཕུལ་བས། དགུང་ལོ་རེ་གཉིས་བཞེས་པ། ཕག་ལོ་ཧོར་ཟླ་གཉིས་པའི་ཚེས་ཉེར་གཅིག་གི་ཐོ་རངས་རྗེས་བཙུན་གྲགས་པ་ཕེབས་བྱུང་གསུང་བ་དང༌། གཞན་ཡང་དག་པའི་སྣང་བ་མང་དུ་གསུངས་ཀྱང་འདིར་ཞིབ་པར་མ་བྲིས། དེ་ཁའི་མུ་ལ་གཟུགས་ཀྱི་སྐུའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་བསྡུ་བར་མཛད། དེ་ནས་ཆོས་རྗེ་དབོན་པོ་བ་སོགས་ཀྱིས་བདག་འབོད་མི་བཏང༌། མ་འཁོར་བར་གསངས་འདུག་པ་ལ་ནམ་མཁའ་གཡའ་དག་ཅིང༌། མེ་ཏོག་གི་ཆར་ཆེན་པོ་བསིལ་མར་འབབ་པ་དང༌། ས་ཆུ་དྲོས་པ་དང༌། ནམ་མཁའ་འཇའ་ཚོན་གྱི་དྲ་བས་ཁེབས་ཤིང༌། ལྷའི་སྤོས་ཀྱི་དྲི་ངད་ཆེན་པོ་ལྡང་བ་དང༌། སྐབས་འགར་ནམ་མཁའ་བཻཌཱུརྻ་ལྟར་དངས་ཤིང་གསལ་བའི་དཀྱིལ་ནས་འཇའ་སྣ་ལྔ་ཡང་ཡང་ཆགས་ཤིང་ཡང་ཡང་ཡལ་བ་དང༌། དཀར་པོ་མཆོག་ཏུ་ལེགས་པའི་རིགས། གདུགས། རྒྱལ་མཚན། འཕན། ལྔ་ལྡི་ལ་སོགས་པ་དང༌། ཕྱག་མཚན་དང༌། ཀུ་ཤའི་ཆུན་པོ་འདྲ་བའི་ཁྲོད་ན། ལྷ་རྫས་མཆོད་པའི་མེ་ཏོག་དཔག་མེད་འབབ་པ་དང༌། སའི་དཀྱིལ་འཁོར་ལ་ལར་ནས་ཀྱི་སྙེ་མ་སྐྱེས་པ་སོགས་བྱུང་བས། ལོའི་སྐྱ་བཙུན་ཐུགས་གཞིག་ཆུག་པའི་རིགས་རྣམས། ཞབས་དྲུང་སྤྱན་སྔ་ཞིང་བརྗེས་དུས་འདི་འདྲ་བའི་ནམ་མཁའི་ལྟས་བྱུང༌། ད་ལན་