R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༡༡༡
[A:༡༡༡]རིན་པོ་ཆེ་དེ་ཙམ་བསྙེལ་བ་ནི་མེད་སྐུ་རིམ་ཡང་ཕྲན་བུ་མ་གཏོགས་ཆེར་མི་གནང་འདུག །ནམ་མཁའ་འདི་མ་ལེགས་ཟེར་ཞིང་ཐེ་ཚོམ་དང༌། ཡང་ན་འདི་ལྟ་བུ་མི་བཞུགས་པའི་རྟགས་ཨ་ཡིན་ཟེར། ཐུགས་ཉམས་ཆེ་བའི་རིགས་རྣམས་མི་བཞུགས་པར་ཐག་བཅད། བདག་འོ་ཡུག་ན། རྗེ་དེ་ཉིད་ཀྱི་དབོན་པོ་ཤཱཀྱ་དཔལ་འབྱོར་པའི་སྐུ་གཞོགས་ན་ཡོད་པ་ལ། ཆོས་རྗེ་དབོན་པོ་བ་དཔོན་སློབ་ཀྱིས་མི་མྱུར་དུ་བཏང་སྟེ། བདག་གི་རྩར་མིས་སླེབ། བདག་ནི་རེ་ཞིག་དྲན་པ་ཉམས་ནས་ཐལ། ཟིན་རྗེས་བསམ་པའི་འཆར་སྒོ་སྣ་ཚོགས་ལ། །ཀྱེ་ཧུད་སྡུག་བསྔལ་འཁོར་བའི་མཚོ་དཀྱིལ་ནས། །དེད་དཔོན་དམ་པ་ལན་ཅིག་རྙེད་པ་དེ། །བདག་ལོ་བཅུ་དྲུག་ལོན་པ་ནས་བཟུང་སྟེ། །བཞི་བཅུ་ཞེ་བཞིའི་བར་དུ་བདག་ཅག་ནི། །སྐུ་དྲུང་སྡོད་པའི་བསོད་ནམས་བྱུང་གྱུར་ཀྱང༌། །ཡུད་ཙམ་ཞིག་གི་རྒྱུན་གྱི་ཉམས་སྣང་ལ། །རྨི་ལམ་སྒྱུ་མ་བཞིན་དུ་ཡལ་ཞེས་ཐོས། །ད་ནི་མགོན་མེད་བདག་རྣམས་ཇི་ལྟར་བྱེད། །ཕ་རྒོད་བླ་མ་མཆོག་དེ་འབྲལ་མེད་དྲན། །དུས་ཤིག་ཞལ་གྱི་དཀྱིལ་འཁོར་འཛུམ་པ་ལས། །ཁྱོད་ནི་སྙིང་གི་བུ་གཅིག་ཡིན་ནོ་གསུང༌། །སྙན་བརྒྱུད་གདམས་པས་རྗེས་སུ་སྐྱོང་ངོ་གསུང༌། །ལོ་བདུན་བར་དུ་འབྲལ་མེད་བྱེད་དགོས་གསུང༌། །དེར་རྗེས་གང་བྱས་རྟེན་འབྲེལ་འགྲིག་ཡོང་གསུང༌། །བསམ་ཞིང་རྗེ་བཙུན་དྲན་ནོ་བཀའ་དྲིན་ཅན། །སྒོམ་ཞིང་བླ་མ་དྲན་ནོ་ཐུགས་རྗེ་ཅན། །མགོན་ཁྱོད་ཞིང་འདིའི་གདུལ་བྱ་རྫོགས་པ་ནས། །དངོས་སུ་མཇལ་བའི་བསོད་ནམས་ད་ནི་མེད། །མྱ་ངན་ངང་དུ་འདྲེ་ལྡོག་ངུ་བ་ལས། །ཐབས་གཞན་མེད་པའི་གནས་སྐབས་འདི་འདྲ་མཐོང༌། །སྔོན་དུས་ཐུབ་དབང་ཤར་བུ་ཇི་བཞིན་དུ།།