[A:༡༡༧]ཆོས་གྲགས་རྒྱལ་མཚན་གྱི་དེ་ལ་ཆ་བཞག་བྱས་པའི་བཞེངས་པར་བསམས་ཏེ། འཕྲལ་ནས་དང་ཟངས་ཀྱི་འབུལ་སྡུད་བྱས། བསམ་གྱིས་མི་ཁྱབ་པ་བྱུང༌། བཟོ་ཕུད་རྗེ་དེ་ཉིད་རང་གི་སྐུ་རྒྱབ་མཐོ་གང་ཙམ་པ་བྱོན་ཤིན་ཏུ་ལེགས་པ་འཕྲལ་དུ་བཞེངས། སྐྱིད་ཤོད་མི་དབང་ཆེན་པོ་དེ་ཉིད་ཀྱིས་བལ་པོ་བཟོ་བོ་ཤིན་ཏུ་མཁས་པ་འཛའ་ཛུུ་ལ་དཔོན་གཡོག་ལྔ་གནང་བའི་བཟོ་ཐབ་བཙུགས། ཟངས་བརྡུངས་གྲུབ་པའི་དངུལ་བརྡུང་བ་ཟིན་ལ་ཁའི་དུས། ཕྱག་ན་དངུལ་འགའ་མེད་པར་བཟོ་ཐབ་འཇིགས་པ་འདི་ལྟ་བུ་བཙུགས། ད་དངུལ་བཅུག་བྱེད་ཟེར་རང་རེ་རྣམས་ཤིན་ཏུ་འཚབ་པ་དང༌། མི་རྣམས་ཀྱང་ཁོང་རྣམས་ཀྱི་ལྷུས་མ་ཐིངས། ད་བཞེངས་འཕྲོར་ལུས་འགྲོ་བ་མིན་པ་གཞན་མི་ཡོང་ཟེར། རྗེ་དེ་ཉིད་རང་གིས་སྔ་སོར་ཆོས་རྗེ་སློབ་དཔོན་པ་དཔོན་སློབ་འབུལ་སྡུད་ལ་རྫོང་དུས་ཁྱི་ལོའི་ནང་དུ་སླེབ་པ་གྱིས་ཤོག །དེར་མ་སླེབ་ན་ཕག་ལོའི་ནང་དུ་མ་འབྱོར་ཚེ་དགོས་པ་མེད་སོགས་གོང་དུ་བཀའ་ཕེབས་པའི་དུས་སློབ་དཔོན་པའི་ཐུགས་ལ། རྗེ་དེ་ཉིད་ཀྱི་སྨོན་ལམ་ཞབས་དྲུང་ཐམས་ཅད་མཁྱེན་པའི་ཐུགས་རྗེས་ཅི་འདྲ་ཡོང་བསམ་མ་གཏོགས། གཞན་དག་པའི་སྣང་བ་མ་ཤར་ནའང༌། བཀའི་ཅོད་པན་སྤྱི་བོར་བཅིངས་ནས་བྱང་ཕྱོགས་སོག་ཡུལ་དུ་ཕྱིན། སྤྲུལ་པའི་སྐུ་ཐམས་ཅད་མཁྱེན་པའི་ཞབས་དྲུང་དུ་སླེབ། རྗེ་ཉིད་ཀྱི་ཐུགས་དམ་བདུད་རྩི་རིལ་བུ། དབུ་ལོ་བུབས་སོགས་ཕུལ་བས་ཤིན་ཏུ་དགྱེས་ཤིང་ཐུགས་བརྩེ་བས་སྐྱོང་བར་མཛད། དུས་གཅིག་སྟོབས་ལྡན་ཧོར་གྱི་རྒྱལ་རིགས་ཧུཾ་ཐའི་ཆི་དང་འཕྲད། སྤྲུལ་པའི་སྐུའི་གསུང་ནས། ཁྱོད་ཀྱི་ཁོང་ལ་ས་སྐྱ་