R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༡༡༦
[A:༡༡༦]རྟེན་དཀར་གསལ་བྱོན། ཡང་གྲྭ་པ་ཞིག་གི་གདུང་སྐལ་ལ་དཔལ་མགོན་ཞལ། ངེད་རྣམས་ཀྱི་གདུང་ཚ་སྟོང་ཚོ་མང་པོ་བཏབ། དེ་ལ་གསེར་དངུལ་གསོལ་དུས་ཀྱང་མེ་ཏོག་གི་ཆར་དཔག་མེད་འབབ་པ་དང༌། འཇའ་ཡང་ཡང་ཆགས་ཤིང་ཡལ་བ་དང༌། གྲྭ་སྦྱིན་བདག་ལ་ལར་གདུང་ཚ་ལ་རིང་བསྲེལ་འབྱོན་པ་སོགས་བསམ་ལས་འདས་པ་བྱུང་ངོ༌། །གཞལ་མེད་གདུང་ལས་བསྐྲུན་པའི་ངོ་མཚར་རྟེན། །གསུང་གི་གསང་བ་འཛིན་པའི་སྐྱེས་ཆེན་རྣམས། །ཕྱོགས་འདིར་བསོད་ནམས་གསོག་པའི་ཞིང་མཆོག་ཏུ། །བརྩེ་ཆེན་ཐུགས་རྗེས་དབྱིངས་ནས་སྩལ་བར་གྱུར། །ཡང་ཁ་ཅིག་ངེད་ལ་མེད་ཕྱིར་གཞན་ལའང་འདི་འདྲ་མི་སྲིད་སྙམ་མོ། །དེ་དག་ག་ལ་མཚུངས། མ་འཇིགས་བློ་ཆུང་དེ་དག་ཚུར་ཉོན་དང༌། །སྐྱེ་བོ་དམན་དང་དམ་པའི་ཁྱད་པར་ནི། །རྒྱ་མཚོ་བ་ལང་རྨིག་རྗེས་ཆུ་ཐིགས་མཚུངས། །དེ་བས་ལན་བརྒྱར་ཐལ་མོ་སྦྱོར་ཞིག་གུ །དེ་ལྟར་གོང་དུ་བརྗོད་པས་མཚོན་ནས་རྗེ་བཙུན་དམ་པ་འདི་ནི། མཐོང་ཐོས་དྲན་རེག་པ་ཐམས་ཅད་སྐལ་བ་དང་ལྡན་པར་ཤེས་པར་གྱིས་ཤིག །དེར་རྗེས་མཆོད་མང་དུས། རིན་པོ་ཆེ་ནཱ་ལནྡྲ་ནས་གདན་དྲངས། དགེ་འདུན་སུམ་བརྒྱ་ལྷག་པ་ལ་ཞག་བདུན་བར་དུ་ཞབས་ཏོག །འབུལ་བ་སོགས་མི་རྣམས་ཀྱིས་བཟང་བའི་རིགས་ལ་འགྲན་པ་བྱུང༌། དཔོན་སློབ་རང་གི་ཕྱག་རྫས་གསོག་པ་མ་གནང་བར་ཆེར་མེད་ཀྱང༌། གྲྭ་རིགས་སྦྱིན་བདག་རྣམས་ཀྱིས་རྒྱུ་བསམ་གྱིས་མི་ཁྱབ་པ་ཕུལ་ཏེ། དཔོན་སློབ་དགེ་འདུན་སོགས་ལ་ཞབས་ཏོག་འབུལ་བ་སོགས་གྲུབ་རྗེས། རྗེ་ཉིད་རང་གི་ཐུགས་རྗེས་བསྐུལ་ཏེ། བདག་རྣམས་ཀྱིས་བློ་དཔངས་བསྐྱེད་པའི་དངུལ་གདུང༌། སྤྱན་སྔ་ངག་དབང་