R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༡༡༩
[A:༡༡༩]རྣམས་ཀྱིས། །དཀྱིལ་འཁོར་སྒྲུབ་མཆོད་ཟང་ཟིང་མཆོད་པ་སོགས། །རླབས་ཆེན་དགོངས་པ་གཞན་དོན་མཐར་ཕྱིན་པའི། །གསོལ་བཏབ་སྨོན་ལམ་མཆོད་རྟེན་རྒྱ་ཆེན་བསྒྲུབས། །གཞན་ཡང་བླ་མ་དམ་པ་འདས་པའི་ལོ་ཟླ་ཚེས་གྲངས་དག །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །བསྐལ་བ་བྱེ་བར་བསགས་པའི་སྡིག་བཅོམས་ནས། །ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར། །གདུགས་དང་རྒྱལ་མཚན་རོལ་མོ་འཕན་ལ་སོགས། །དུང་དང་རྔ་ཆེན་རོལ་མོ་སོགས་ཀྱིས་མཆོད། །མཆོད་པ་བཅུ་དང་བཀྲ་ཤིས་ཚིག་བསྒྲགས་ན། །བསྐལ་པ་ཐེར་འབུམ་བསགས་པའི་ལས་དག་ནས། །ཟག་མེད་ཆོས་སྐུ་ཐོབ་ནས་གཟུགས་སྐུ་ཡི། །སྣང་བ་སྐྱེས་ནས་སྲིད་གསུམ་སྡུག་བསྔལ་སྒྲོལ། །བདུན་པ་འཕྲིན་ལས་ཀྱིས་བསྟན་པའི་རྒྱུན་ཇི་ལྟར་གནས་པའི་ཚུལ་ནི། རྒྱལ་བ་སྲས་དང་བཅས་པའི་མཛད་པ་དང༌། རྗེ་བཙུན་འདིའི་མཛད་འཕྲིན་གཉིས་ཀུན་འགྲོའི་ངོ་བོར་གནས་པས། དེ་དག་གི་འཕྲིན་ལས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་གནས་ཤིང༌། དེ་བཞིན་དུ་རྗེ་བཙུན་འདི་ཉིད་ཀྱི་འཕྲིན་ལས་ཀྱང་འཇུག་ཅིང་གནས་པར་ངེས་ཏེ། ཇི་སྐད་དུ་རྗེ་བཙུན་གྱིས། ཇི་ལྟར་ཉི་མའི་དཀྱིལ་འཁོར་ནི། །འོད་ཟེར་དཔག་ཏུ་མེད་འདྲེས་ཤིང༌། །རྟག་ཏུ་བྱ་བ་གཅིག་ལ་འཇུག །འཇིག་རྟེན་ལ་ཡང་སྣང་བར་བྱེད། །དེ་བཞིན་ཟག་མེད་དབྱིངས་ན་ཡང༌། །སངས་རྒྱས་དཔག་ཏུ་མེད་འདྲེས་ཤིང༌། །མཛད་པ་གཅིག་ནི་མཛད་པ་ལ། །ཡེ་ཤེས་སྣང་བ་མཛད་པར་འདོད། །གཞན་ཡང་སྐུའི་བཀོད་པ་ཚད་མེད་པས། །སངས་རྒྱས་ཀྱི་ཞིང་ཚད་མེད་པར་གདུལ་བྱའི་ཚོགས་ཚད་མེད་པ་ལ། བསྐལ་པ་ཚད་མེད་པར་ཆོས་ཀྱི་འཁོར་ལོ་ཚད་མེད་པ་བསྐོར་ནས་སེམས་ཅན་འཁོར་དུ་མ་བསྡུས་པ་རྣམས་བསྡུས། བསྡུས་པ་རྣམས་སྨིན། སྨིན་པ་རྣམས་གྲོལ། གྲོལ་བ་རྣམས་མཐར་ཕྱིན་པའི་གོ་འཕང་མཆོག་ལ་བཀོད།