[A:༡༢༠]བཀོད་པ་དེ་དག་ཀྱང་མར་མེ་གཅིག་ལ་གཉིས་མཆེད་ཀྱི་ཚུལ་དུ་ཇི་སྲིད་འཁོར་བ་གནས་པ་དེ་སྲིད་དུ་རྗེ་བཙུན་བླ་མ་དམ་པ་འདིའི་འཕྲིན་ལས་ཀྱི་རྒྱུན་བཟང་ཞིང་རླབས་ཆེ་བ་ལྷུན་གྲུབ་གོང་འཕེལ་དུ་འགྱུར་བ་སྟེ། ཇི་ལྟར་མར་མེ་གཅིག་ལས་མར་མེའི་ཚོགས་རབ་མང༌། །དཔག་མེད་གྲངས་མེད་བྱུང་ཡང་དེ་ལ་ཟད་པ་མེད། །དེ་བཞིན་སྨིན་པ་གཅིག་ལ་སྨིན་པའྀ་ཚོགས་རབ་མང༌། །དཔག་མེད་གྲངས་མེད་བྱུང་ཡང་ཟད་པ་མེད། །ཅེས་གསུངས་པ་ལྟར་རྗེ་བཙུན་བླ་མ་དམ་པ་འདིའི་འཕྲིན་ལས་ཀྱི་བསྟན་པ་རྟག་ཏུ་ལྷུན་གྱིས་གྲུབ་ཅིང་འཕེལ་བ་ཡིན་ནོ། །དེ་ལྟར་ན་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་བཞེད་པ་ལ། འོ་སྐོལ་གྱི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་དེ་མེ་མོ་ཡོས་ལ་ལྷུམས་སུ་ཞུགས། ས་ཕོ་འབྲུག་ལ་སྐུ་བལྟམས། བརྒྱད་ཅུ་རྩ་གཅིག་པ་ས་ཕོ་བྱི་བའི་ལོ་འགོ་རྩོམ་པ་ན་མྱ་ངན་ལས་འདས་ཤིང༌། དེ་ཉིད་ཀྱི་བསྟན་པ་ལོ་ལྔ་སྟོང་གནས་པའི་དབང་དུ་བྱས་ན། ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པའི་མདོ་ལས་གསུངས་པ་ལྟར་ན། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་སོང་བ་ན། བོད་ཀྱི་རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་དམ་པ་ཆོས་ཀྱི་དབུ་བསྙེངས་པ་ཡིན་ལ། དེའི་འཕྲོ་ནས་ལོ་བདུན་བརྒྱ་བཞི་བཅུ་རྩ་གཉིས་ལོན་པ་ལྕགས་ཕོ་སྟག་གི་ལོ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་གཤེགས་པའི་དུས་ཞང་ཚེ་སྤོང་ཆོས་ཀྱི་བླ་མས་བརྩིས་པ་ན། དེ་ཡན་ལ་ལོ་སུམ་སྟོང་ཉིས་བརྒྱ་བཞི་བཅུ་རྩ་གསུམ་འདས་པར་བཞེད། དེའི་འཕྲོ་ནས་ལོ་ལྔ་བཅུ་རྩ་བདུན་པ་མེ་མོ་ཕག་གི་ལོ། །རྗེ་བཙུན་རིན་པོ་ཆེ་བསོད་ནམས་རྩེ་མོས་གུང་ཐང་ན་ལ་རྩེ་ནས་གསར་དུ་ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་ཆོས་ཆེན་པོ་བརྩམས་པའི་དུས་བརྩིས་པ་ན། དེ་ཡན་ལོ་སུམ་སྟོང་སུམ་བརྒྱ་འདས་པར་