[A:༡༢༡]བཞེད། དེ་ནས་ལོ་ལྔ་བཅུ་སོང་བ་མེ་མོ་བྱི་བའི་ལོ་ལ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་བདེ་བར་གཤེགས་པའི་དུས་དཔལ་ལྡན་ས་སྐྱ་པཎྜི་ཏས་བརྩིས་པ་ན། དེ་ཡན་ལ་ལོ་སུམ་སྟོང་སུམ་བརྒྱ་ལྔ་བཅུ་འདས་པར་བཞེད། དེའི་འཕྲོ་ནས་དྲུག་ཅུ་རྩ་གཅིག་སོང་བ་མེ་མོ་གླང་གི་ལོ་ལ། འཕགས་པ་རིན་པོ་ཆེས་ཆུ་མིག་ཏུ་བརྩིས་པ་ན། དེ་ཡན་ལ་སུམ་སྟོང་བཞི་བརྒྱ་དང་བཅུ་གཅིག་འདས་པར་བཞེད། བདག་ཆེན་རྡོ་རྗེ་འཆང་ཆེན་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་དྲུག་བརྒྱ་སུམ་ཅུ་རྩ་གཉིས་ལ་མྱ་ངན་ལས་འདས། དེ་ནས་བརྩིས་པའི་ལོ་ལྔ་བཅུ་རྩ་བདུན་ན་མེ་ཕོ་ཕག་གི་ལོ་སྟག་གི་ཟླ་བའི་ཡར་ཚེས་ལ་རྗེ་བཙུན་འདི་ཉིད་འཁྲུངས། ལོ་དྲུག་ཅུ་རེ་གཅིག་བར་ཆོས་ཀྱི་འཁོར་ལོ་བསྐོར། མེ་མོ་ཕག་གི་ལོ་དབོ་ཟླ་བའི་ཉེར་གཅིག་ལ་ཞིང་གཞན་དུ་གཤེགས་པའི་ཚུལ་བསྟན། དེ་ལྟར་ན་སྟོན་པ་མྱ་ངན་ལས་འདས་ནས། བདག་ཉིད་ཆེན་པོ་འདི་ཉིད་མྱ་ངན་ལས་འདས་པ་ཡན་ལ། ལོ་སུམ་སྟོང་བདུན་བརྒྱ་བཅུ་བདུན་འདས་པར་བཞེད་ལགས། བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །དམ་པ་ཁྱེད་དང་ནམ་ཡང་མི་འབྲལ་ཞིང༌། །བཀའ་དང་བསྟན་བཅོས་མ་ལུས་ཀུན་ཤེས་ནས། །འགྲོ་ལ་སྟོན་ཅིང་བསྟན་པ་འཛིན་པར་ཤོག །ལམ་གྱི་སྙིང་པོ་ཟབ་མོ་བླ་མའི་ལམ། །རྒྱལ་བས་བསྔགས་པའི་དབེན་པའི་གནས་མཆོག་ཏུ། །ཚེ་འདིའི་ཆོས་བརྒྱད་བྱ་བས་མ་གོས་པར། །གཡོ་མེད་རྩེ་གཅིག་ཉམས་སུ་ལེན་པར་ཤོག །ཕྱོགས་ཀུན་ཐུབ་བསྟན་རྒྱས་ཕྱིར་ཡུན་རིང་བར། །བློ་གསལ་ཁྲིམས་ལྡན་བྱེ་བས་ཡོངས་གང་ནས། །མཁའ་མཉམ་འགྲོ་བ་མ་ལུས་འདྲེན་སླད་དུ། །ཟབ་དོན་རྒྱ་མཚོའི་དཔལ་ལ་སྤྱོད་པར་ཤོག །ཕན་བདེ་ཀུན་གྱི་གཞིར་གྱུར་དམ་པའི་ཆོས། །ཀུན་ནས་ཀུན་ཏུ་མི་ཉམས་བསྐལ་པ་རུ། །ལེགས་པར་