[A:༡༤]བྱུང༌། དེ་ནས་ཁྱི་ལོ་གཟའ་སྐར་ཚེས་གྲངས་ཤིན་ཏུ་བཟང་བའི་ཉི་མ་སྔ་དྲོའི་ཆ་ལ། ཡུམ་གྱི་སྐུ་ལ་མི་བདེ་བ་དང་བསྙེལ་བའི་ཆ་ཤས་གཏན་མེད་པར་སྐུ་ཁམས་སེང་བའི་རྣམ་པ་ཞིག་ཤར་ཏེ། ངོ་མཚར་བའི་བལྟས་དུ་མ་དང་བཅས་ཏེ་བདེ་བར་བལྟམས་སོ། །ནམ་མཁའ་ཤིན་ཏུ་དངས་པ། མེ་ཏོག་གི་ཆར་ལ་སོགས་པ་དགེ་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང༌། དེ་ནས་བཟུང་སྟེ་ལོ་རེ་ཞིག་གི་བར་མི་ནད་ཕྱུགས་ནད་སོགས་ཀྱང་མེད་ཅིང༌། ཡུལ་ཕྱོགས་སུ་ལོ་ལེགས་པ་ལ་སོགས་པ་འཇིག་རྟེན་པ་རྣམས་ལའང་བདེ་སྐྱིད་ཕུན་སུམ་ཚོགས་པ་བྱུང་བ་དང༌། དེའི་བྱིན་རླབས་ཀྱིས་རྗེས་སུའང་ངེད་བོད་མཁར་བའི་མིས་ས་ཆ་བཟུང་བ་འདི་ཚོ་ལོ་ངེས་པར་ལེགས་པ་ཡོང་གསུང་བ་སོགས་ཡོད་ནའང༌། བདག་སོགས་མ་རིག་པས་བསྒྲིབས་པ་རྣམས་ལ་སྣང་ཡིད་ཆེར་མ་བྱུང༌། ཕྱིས་སོར་སྔར་གྱི་ལོ་རྒྱུས་དང༌། རང་རེ་ལ་རྒྱུས་ཡོད་པའི་ལོ་སོགས་ལ་བསམ་བློ་བཏང་བས་དེ་རྣམས་ཤིན་ཏུ་ཡིད་ཆེས་པ་བྱུང་ལགས། དེ་ལྟར་རྒྱལ་བས་ལུང་བསྟན་སེམས་དཔའ་མཆོག །སྐྱེས་བུ་དམ་པ་དེ་ནི་འདིར་བྱོན་པས། །དེ་ཚེ་ས་སྟེང་རིམས་ནད་འཁྲུག་ལོང་མེད། །རིན་ཆེན་སྨན་དང་འབྲུ་ཡིས་ཡོངས་གང་སྟེ། །སྐྱེ་རྒུའི་འབྱོར་པ་རྫོགས་ལྡན་དུས་བཞིན་གྱུར། །སྐུ་གཞོན་ནུའི་དུས་ན་ལྗགས་ཀྱི་དཀྱིལ་ན་ཨ་ཡིག་ཤིན་ཏུ་གསལ་བ་དང༌། ཐུགས་རབ་ཀྱང་ཤིན་ཏུ་ཆེ་བ་ཡོད་པ་ལ། མི་གྲིབ་ཅན་ཞིག་གིས་སྐས་ལ་བབས་པ་དང༌། རྗེ་འདི་ཉིད་ཀྱི་སྐུ་རྩེད་ཀྱིས་སྐས་ཀྱི་འོག་ལ་ཕེབས་པ་ཐུག་པས། ཨ་དེ་ཡལ་སྐུ་ཁམས་ཀྱང་རྒྱངས་པ་ཞིག་གི་བར་ལ་ཤིན་ཏུ་ཉོག་པ་དང༌། ཐུགས་རབ་ཀྱང་ཅུང་ཟད་ཆུང་དུ་སོང་བ་ཞིག་བྱུང༌། རང་བཞིན་གྱིས་སྐམས་ཆགས་ཆུང་ཞིང་ཆོས་