[A:༡༣]རྫས་དཔག་མེད་འཕྲལ་འཕྲལ་ཡོད་ཀྱང་ཆོས་ཕྱོགས་ཁོ་ན་ལ་གཏོང་བ། མདོར་ན་ཞལ་ངོ་འདི་པའི་རིགས་ལ་ཤཱཀྱའི་རྒྱལ་བརྒྱུད་བོད་ཆོས་རྒྱལ་རིམ་པར་བྱོན་པ་སོགས་ནས་བཟུང་སྟེ། ཆོས་མཛད་ན་མཁས་གྲུབ་དང༌། འཇིག་རྟེན་མཛད་ན་འཇིག་རྟེན་ལ་དགོས་པའི་ཡོན་ཏན་དང་ལྡན་པ་འབའ་ཞིག་འབྱུང་སྟེ། མདོར་ན་སྐུའི་ཚ་མོ་ཆོས་ལགས་ཤིག་གིས་ཀྱང་སྨྱུང་གནས་སྟོང་རྩ་ཡང་ལྷག་པའི་མང་པོ་མཛད་པས། དཀར་མེའི་མེ་ཏོག་ལ་ཡང་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་བྱོན་པ་སོགས་ཡོན་ཏན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་མངའ་བའི་རིགས་སུ་བཞུགས་པ་ལས། རྗེ་ཉིད་ཨ་མགོན་དོན་གྲུབ། དེ་ལྟར་ཡབ་ཡུམ་དེ་དག་ལ་སྲས་ཀྱི་བལྟམས་ཡུལ་ནི། བོད་ཆོལ་ཁ་གསུམ་ལས་བར་གྱི་ཆ། དབུས་གཙང་རུ་བཞི་ལས་རོང་གཡག་སྡེ་ཞེས་བྱ་བའི་ཡུལ་ལས། རི་རྣམས་རྩྭ་དང་མེ་ཏོག་འབབ་ཆུས་བརྒྱན་པ། ཀླུངས་རྣམས་སྣ་ཚོགས་འབྲུ་དང་ཕྱུགས་ཀྱིས་གང་བ། སངས་རྒྱས་ཀྱི་བསྟན་པ་ཕྱོགས་བཅུར་འཕེལ་བར་བྱེད་པའི་ཆོས་གྲྭ་ཆེན་པོ་འབྲས་ཡུལ་སྐྱེད་མོས་ཚལ་གྱི་ཤར་ལྷོ་ཕྱོགས། པཎ་གྲུབ་དབང་པོ་གྷ་ཡ་དྷ་རའི་གནས་མཆོག་ཁ་རེག་དང༌། རྒྱལ་བ་ལོ་རས་པའི་བཞུགས་གནས་དམ་པ་དཀར་པོ་ཆོས་ལུང་དང་ཉེ་བའི་ས། རོང་གཡག་སྡེར་བདག་གིར་མཛད་པའི་གཞིས་དཔལ་འབྱོར་རབ་རྒྱས་ཞེས་བྱ་བར་སྐུ་འཁྲུངས་པར་གྱུར་ཏོ། །དེ་ཡང་རྗེ་ཉིད་ཡུམ་གྱི་སྐུ་ལ་ཞུགས་པའི་དུས་སྐུ་ཤིན་ཏུ་བདེ་བ་དང༌། སྐུ་ཁམས་ཤིན་ཏུ་དངས་ཤིང༌། ཡང་ཡང་ཐུགས་བདེ་གསལ་མི་རྟོག་པའི་ངང་ལ་འགྲོ་བ་དང༌། མནལ་མལ་མཆོག་ཏུ་བཟང་བ་ཡང་ཡང་དུ་ཡོང་བ་དང༌། ཟོ་མདོག་བདེ་བ་ལ་སོགས་པའི་རྟགས་བསམ་གྱིས་མི་ཁྱབ་པ་