[A:༡༥]ལ་ཐུགས་འགྲོ་བ། དབེན་ས་འབའ་ཞིག་བསྟེན་པའི་བག་ཆགས་ཆེད་དུ་སད་པས། གཡའ་རི་གངས་རི་སོགས་མཐོ་ཞིང་སྤྲིན་དང་ན་བུན་གྱིས་གཏིབས་པའི་རིགས་གཟིགས་པ་ན་དགྱེས་ཚོར་ཆེན་པོ་མཛད་པ་དང་ང་ཡ་གིར་ཅིས་ཀྱང་འགྲོ་གསུང་བ་ཞིག་སྣང༌། ཡང་དགུང་ལོ་བདུན་ཙམ་བཞེས་པའི་དུས་ཁོང་ལྕམ་སྲིང་རྣམས་ལ་ཀློག་ཡིག་གི་སློབ་དཔོན་དགེ་བཤེས་གནས་ལུགས་ཟེར་བའི་ཀློག་ཤིན་ཏུ་བཟང་བ་ཞིག་གིས་ཀློག་ཡིག་འབུལ་བ་དང༌། ཡབ་བཤེས་གཉེན་བཟང་པོ་དེ་ཉིད་ཀྱིས་རྗེ་འདི་ཉིད་ལ་དེ་ལྟར་མི་དགོས་ཀྱང་གཞན་ལྕམ་སྲིང་རྣམས་ལ་དགོས་པའི་གཟིམས་ཁང་གནམ་སྒོ་མ་ཤིན་ཏུ་ལེགས་པ། ལྷའི་གཞལ་ཡས་ཁང་འདྲ་བ་ཞིག་ཏུ་ལོ་གསུམ་གྱི་བར་བཅུར་དག་གནང་བའི་ཀློག་ཡིག་སློབ་པ་གནང་བ་དང༌། བཞེས་སྤྲོ་སོགས་ཀ་ར་བུ་རམ། བྱེ་མ་ཀ་ར་ཤིང་ཏོག་གི་རིགས་ལ་སོགས་པ་དཔག་ཏུ་མེད་པ། ལྷའི་ལོངས་སྤྱོད་འདྲ་བས་ལྕམ་སྲིང་རྣམས་མཉེས་པར་མཛད། རྗེ་འདི་ཉིད་ཀྱིས་ནི་རིང་པོ་མ་ལོན་པར་ཀློག་ཡིག་སོགས་ཕུལ་དུ་ཕྱིན་པ་མཁྱེན། འོན་ཀྱང་ལྕམ་སྲིང་གཞན་རྣམས་ཀྱི་ཆེད་དུ་དེ་གར་བཞུགས། དེའི་སྐབས་ཤིག་ཡབ་ཀྱི་རིན་པོ་ཆེ་ཤཱཀྱ་བློ་ལྡན་པ་སྤྱན་དྲངས་ཏེ། ནི་གུ་ཆོས་དྲུག །སུ་ཁ་ཆོས་དྲུག །ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ལ་སོགས་པ་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་རྣམས་དང༌། བདེ་མཆོག་སྙན་བརྒྱུད་ལ་སོགས་པ་རྗེ་མར་པ་ནས་བརྒྱུད་པའི་ཟབ་ཆོས་བསམ་གྱིས་མི་ཁྱབ་པ་གསན། རྗེ་འདི་ཉིད་ཀྱིས་གསོལ་བ་བཞེས་པའི་སྐབས་ཙམ་མ་གཏོགས། དག་བྱེད་པའི་སྟོང་ར་ཉིན་མཚན་འཁོར་ཡུག་ཏུ་བཟླ་བ་སོགས་མཛད་པས། རིན་པོ་ཆེ་ཤིན་ཏུ་མཉེས་ཏེ། ནང་སོ་རིན་