R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༡༦
[A:༡༦]པོ་ཆེ་ངའི་ཟླ་ལ་ཨེ་འབྱོན། བྱོན་ན་རྟོགས་ལྡན་གངས་ཀྱི་སེང་གེ་འདྲ་བ་ཞིག་ཡོང་བ་འདུག་གསུངས། ཤིན་ཏུ་མཉེས་པ་མཛད། ང་རང་གི་བསམ་བློ་ཡོད་ཙམ་ནས་དུས་དང་རྣམ་པ་ཀུན་ཏུ་རི་མགོ་མཐོ་བ་ཞིག་མཐོང་དུས་ཡ་གིར་ཆུ་འཐུང་གི་སྒྲུབ་པ་འབའ་ཞིག་བྱེད་རྒྱུ་བྱུང་ན་དགའ་བ་ལ་དགོངས་པ་དང༌། ཨེ་ཡོང་བསམ་པ་འབའ་ཞིག་ཡོད། རིན་པོ་ཆེ་ལ་ལགས་སོ་ལགས་ཞུས། ཡང་ངེད་སྐུ་མཆེད་རྣམས་ཀྱི་གཞོན་ཤོས་དཔལ་རབ་བརྟན་ལ་རིན་པོ་ཆེ་དེ་ཉིད་ཀྱི་ཕྱག་གིས་དབུ་ལ་ཞུམ་ཞུམ་མཛད། མི་འདིས་ཀྱང་ཆོས་མཛད་ན་གཡག་སྡེ་སྨྱོན་པ་ཟེར་བའི་གྲུབ་ཐོབ་ཅིག་བྱས་ཆོག་པ་འདུག་གསུང༌། དེ་ན་རྗེ་འདི་ཉིད་སྐུ་གཞོན་ནུ་ནས་སེམས་ཅན་ལ་ཕན་པ་ལྷུར་ལེན་པ་དང༌། བྱིས་པ་སྐུ་རྩེད་ཀྱི་ཕྱག་གཡོག་པ་རྣམས་ལ་ཡང་ཤིན་ཏུ་བྱམས་ཤིང་ཐུགས་གརྩིགས་ཆེ་བ་དང༌། ཆོས་འཆད་པའི་ཆོས་ཁྲི་བརྩིག་པ་དང༌། ཆོས་འཆད་པའི་ཚུལ་དང༌། ཡང་འཕྲལ་སྐབས་འགར་ནི་སྐུ་སྤྱོད་ཀྱང་ཤིན་ཏུ་རྩལ་བའི་ཚུལ་དུ་ཡོད་པ་དང༌། སྐབས་ཤིག་ཁོང་ལྕམ་སྲིང་གསུམ་གྱིས་རི་ཟེ་ལ་ཕེབས་པས་ཕ་དམ་པ་སངས་རྒྱས་ཀྱི་སྒྲུབ་ཁང་གི་ཐོད་རིར་ཕེབས། གཅེན་མོ་གཉིས་ཀྱིས་གཟིགས་མོ་དང་མེ་ཏོག་འཐུ་བ་ལ་ཐག་རྒྱང་པ་ཕེབས། རྗེ་འདི་ཉིད་ཀྱི་ཐུགས་ལ་ང་བཙུན་པ་བྱེད་པའི་ཆོས་སྡེ་འབྲས་ཡུལ་སྐྱེད་མོས་ཚལ་དེ་གང་ན་ཡོད་དགོངས་པ་དང༌། ལམ་དེ་ཡང་གང་ན་ཡོད་དགོངས་ཅུང་ཟད་ཐུགས་ཡེངས་པ་ལས། རོང་ཆུང་གི་དམ་པ་ཞབས་རྗེས་སུ་གྲགས་པའི་ཐད་ཀྱི་ལམ་ལ་ཛོ་ཀི་གཉིས་སྔ་རྟིང་ལོག་གེ་འགྲོ་ཡི་འདུག་པ་ལས་དེ་གཉིས་གང་ལ་འགྲོ་གཟིགས་པས། སྐྱེད་མོས་ཚལ་ཕྱོགས་ལ་འགྲོ་ཡི་འདུག་པ་ལས། སྐྱེད་མོས་ཚལ་