R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༡༩
[A:༡༩]ད་ལྟ་དམག་བྱེད་དུས་རང་ལ་སྐྱོན་བྱུང་གི་དོགས་ཁྲབ་ཕུབ་གྱོན། མི་ལ་ཐེབས་ལ་རེ་མདའ་དང་གྲི་མདུང་ཁྱེར་འགྲོ་བ་འདི་རྣམས་ཀྱི་བསམ་པ་ལོག་ལུགས་ལ་དགོངས་པ་དང༌། ད་ལྟ་ནི་རང་རེ་རྣམས་ལ་ན་ཚ་རེ་བྱུང་དུས་ཀྱང་སྡུག་བསྔལ་ཅི་ཡང་ཡོང་གི་འདུག །ཤི་བའི་རྗེས་སུ་དམྱལ་བ་སོགས་སུ་སྐྱེས་ན་ཅི་འདྲ་བྱེད། ད་ལྟའི་སྡེ་དཔོན་ལ་སོགས་པའི་གཟི་བརྗིད་ཆེ་ཆེ་མོ་འདི་པས་ནི་གནོད་པ་མིན་པ་ཕན་པ་མི་འདུག །དེས་ན་ཆོས་མིན་པ་གང་གིས་ཀྱང་མི་ཕན་འདུག །ངེད་རང་གི་སྐུ་མདུན་བཟང་ཆེན་དྲུང་གིས་ཀྱང་ཆོས་རང་མཛད་པའི་དགོངས་པ་ཡོད་འདུག་ཀྱང་སྡེ་པས་མ་ཁྲོལ་བས་མཛད་རྒྱུ་མ་བྱུང་འདུག །ང་ལས་གང་ལ་ཐུག་ཀྱང་ཆོས་རང་བྱེད། དེ་ཡང་ཆོས་པ་ཤིན་ཏུ་བཟང་བ་ཞིག་བྱེད་དགོངས་སྔ་མོ་ནས་ཐུགས་བསམ་དེ་ཀ་འབའ་ཞིག་ཡོད་པ་ལས། འབྲས་ཡུལ་སྐྱེད་མོས་ཚལ་ནས་ཀུན་མཁྱེན་འབུམ་རབ་འབྱམས་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་གཡག་སྡེ་སྨྱོལ་གཞིས་ཀ་དཔལ་འབྱོར་རབ་རྒྱས་སུ་སྤྱན་དྲངས། ཞལ་ངོ་རྣམས་ཀྱིས་ཟབ་རྒྱས་ཀྱི་བཀའ་ཆོས་བསམ་གྱིས་མི་ཁྱབ་པ་གསན། དཔལ་རྣམ་ཐོས་ཀྱི་བུའི་དཔལ་འབྱོར་ལྟར་བསྙེན་བཀུར་ཞབས་ཏོག་གིས་མཆོད་པའི་དུས་སུ་རྗེ་འདི་ཉིད་ཀྱིས་རྒྱལ་བུ་དོན་གྲུབ་དང་ཚུལ་མཚུངས་པ་བཞིན་དུ་ང་ནི་ད་ལྟ་ཉིད་དུ་རབ་ཏུ་བྱུང་བ་བྱེད་དོ་གསུང༌། ཡུམ་སྲས་སུས་ཀྱང་བཤོལ་མ་ཐེབས་པ་ལས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱིས་ཉི་མ་གཉིས་གསུམ་གྱི་འགྱང་མཛད། གཞིས་ཀ་རིན་ཆེན་སྤུངས་པར་ཕོ་ཉ་བ་དྲག་ཏུ་བཏང༌། ཡབ་འཇམ་དཔལ་བཤེས་གཉེན་བཟང་པོ་སྤྱན་དྲངས། ཡབ་ཡུམ་བཀའ་བགྲོས་ལེགས་ཚོགས་འགྲིག་སྟེ་