R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༡༨
[A:༡༨]གཟིགས་ནས་མི་རྟག་པས་ཐུགས་རྒྱུད་བསྐུལ་ཏེ་དམ་པའི་ཆོས་ཀྱི་སྒོར་ཞུགས་ནས་བསྟན་པའི་རྩ་བ་ཚུལ་ཁྲིམས་ཇི་ལྟར་ནོས་པའི་ཚུལ་ནི། འཁོར་བའི་གྲོང་ཁྱེར་མེ་འོབས་ལྟར་གཟིགས་ནས། །ཐུབ་བསྟན་པད་མཚོར་ཞུགས་ཏེ་གངས་ཅན་གྱི། །མཁས་གྲུབ་རྣམས་ཀྱིས་གཙུག་གིས་ལེགས་བསྟེན་པའི། །ཆོས་ཀྱི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱི་མདོ་ལས། ཁྱིམ་པ་རྣམས་ནི་མེ་འོབས་ན་གནས་པ་ལྟ་བུ། རབ་ཏུ་བྱུང་བ་རྣམས་ནི་བསིལ་ཁང་ན་གནས་པ་ལྟ་བུའོ། །ཞེས་སོགས་དང༌། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་བརྟེན་ལགས་པར་གསུངས། །ཞེས་སོགས་གསུངས་པ་ལྟར། འཁོར་བའི་ཁྱིམ་ཐབས་ནི་འཇིགས་ཤིང་ཉམ་ང་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བར་གཟིགས། མཐོ་རིས་དང་བྱང་ཆུབ་བསྒྲུབ་པའི་ལམ་ནི་ཕན་བདེ་ཐམས་ཅད་ཀྱི་མེད་དུ་མི་རུང་བའི་གཞི་ཆེན་པོ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཁོ་ནར་དགོངས་ཏེ་མོས་པ་དང༌། འཁོར་བ་འདི་སྡུག་བསྔལ་གྱི་རྒྱ་མཚོར་འདུག །ད་ལྟ་འཇིག་རྟེན་ན་སྡེ་དཔོན། ཕྱུག་པོ་ཆེན་པོ་འདི་ཚོ་ལ་ནོར་ལོངས་སྤྱོད་ཆེན་པོ་འདུག་ཀྱང་ལོ་བརྒྱ་ཚུན་ལ་མི་འཆི་བའི་མི་ནི་ཅི་ཡང་མེད། ཤི་བའི་རྗེས་སུ་རང་ལ་ཁྱེར་རྒྱུ་ཅི་ཡང་མི་ཡོང༌། ནོར་མི་དགོས་རང་གི་ལུས་ཀྱང་བྱ་ཁྱིས་ཟ་བ་སོགས་བྱས་ཏེ་འཁྱེར་རྒྱུ་མི་ཡོང༌། ཤི་བའི་རྗེས་སུ་སྡིག་པ་ཆེན་པོ་རྣམས་ནི་དམྱལ་བ་སོགས་སུ་སྐྱེ་དགོས་པ་ཡིན་འདུག །ངེད་རང་ལ་ཡང་ད་ལྟ་མི་ནོར་ལོངས་སྤྱོད་དཔག་ཏུ་མེད་པ་འདུག་ཀྱང༌། རང་འཆི་ཙ་ན་འདི་རྣམས་ཀྱིས་ཕན་རྒྱུ་མི་འདུག །འཇིག་རྟེན་པ་འདི་ཚོའི་སྙིང་གི་རྗེ་བ་ལ། སྡུག་པ་ལ། ཁོང་ཚོས་བསམ་བློ་མཐོངས་འདུག །གང་བྱུང་བ་ན། ཡང་