[A:༢༠]ཐམས་ཅད་མཁྱེན་པའི་ལམ་བསྒྲུབ་པ་ལ་མེད་དུ་མི་རུང་བའི་གཞི་ཆེན་པོ་ནི། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཁོ་ནར་དགོངས་ཏེ། ངེས་པར་འབྱུང་བའི་ཐུགས་ཀྱི་བསམ་པ་སྟོན་གྱི་ཟླ་བ་ལྟར་དཀར་ཞིང་དྲི་མ་མེད་པས་ཀུན་ནས་བླངས་ཏེ། དགུང་ལོ་བཅོ་ལྔ་ལ་ཀུན་མཁྱེན་སངས་རྒྱས་འཕེལ་དེ་ཉིད་ཀྱི་སྐུའི་སྤྲུལ་པ་འབུམ་རབ་འབྱམས་པ་ཤེས་རབ་རྒྱལ་མཚན་དེ་ཉིད་ཀྱི་དྲུང་དུ་ཁྱིམ་པའི་རྟགས་མཐའ་དག་གཞི་མདོའི་རྩྭ་ལྟར་དོར་ཞིང༌། ངུར་སྨྲིག་གི་རྒྱལ་མཚན་སོགས་རབ་ཏུ་བྱུང་བའི་རྟགས་ཡང་དག་པ་བཞེས་པའི་སྒོ་ནས་བར་མ་རབ་བྱུང་དུ་བསྒྲུབས་ཏེ། མཚན་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོར་གསོལ་ལོ། དམ་པ་འདི་རབ་ཏུ་བྱུང་བས། སངས་རྒྱས་ཀྱི་བསྟན་པ་དང༌། ལྷའི་ཕྱོགས་ནི་ཟླ་བ་ཡར་ངོ་བཞིན་འཕེལ་བར་གྱུར་ལ། ནག་པོའི་ཕྱོགས་དང་ལྷ་མ་ཡིན་རྣམས་ནི་འགྲིབ་པར་གྱུར་ཏེ། སྙན་པའི་གྲགས་པས་ས་སྟེང་ཐམས་ཅད་ཁྱབ་ཅིང༌། ས་བླའི་ལྷ་རྣམས་ཀྱིས་རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་དང༌། རྒྱལ་ཆེན་རིགས་བཞི་པ་རྣམས་ཀྱིས་སུམ་ཅུ་རྩ་གསུམ་པ་རྣམས་ལ་བསྒྲགས་ཤིང༌། དེ་བཞིན་དུ་འོག་མིན་གྱི་བར་བསྒྲགས་པར་གྱུར་ཏེ། དྲན་པ་ཉེར་གཞག་ལས། སྐྱེས་བུ་དམ་པ་རྣམས་རབ་ཏུ་བྱུང་བའི་ཚེ་འདི་ལྟ་བུ་འབྱུང་བར་བཤད་པའི་ཕྱིར་རོ། །ངུར་སྨྲིག་གི་རྒྱལ་མཚན་གྱིས་མཛེས་པར་བྱས་ཤིང༌། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གི་དངོས་པོ་དང་འདྲ་བར་གྱུར་ཏེ། མི་རྣམས་ཀྱིས་ཀྱང་སྐུ་སྐྱ་བོའི་དུས་རྩལ་ཆེ་ལ་སྐུ་རྩེད་ལ་མཉེས་པ་དེ་ལ། རབ་ཏུ་བྱུང་མ་ཐག་འདི་འདྲའི་ཞི་དུལ་ལ་ཞུ་བ་བྱུང༌། གསུམ་པ་ནི། དེའི་ཕྱི་ལོ་དཔལ་འབྲས་ཡུལ་སྐྱེད་