[A:༢༡]མོས་ཚལ་གྱི་ཆོས་གྲ་ཆེན་པོར་ཕེབས། གནས་ཀྱི་སློབ་དཔོན་མཁས་གྲུབ་དམ་པ་བྲག་དཀར་རབ་འབྱམས་པ་བསྟན་པ་རབ་རྒྱས་ལ་གནས་བརྟན་ཞུས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ། དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་དང་བཅས་པ་ལ་མང་ཇ་གདན་ནོན་གྱི་བསྙེན་བཀུར། འབུལ་བ་འགྱེད་བཅས་སོགས་བསམ་གྱིས་མི་ཁྱབ་པ་འདྲེན་པར་དཀའ་བའི་ཞབས་ཏོག་མཛད། དེའི་དུས་སྐབས་ཤིག་རྗེ་འདི་ཉིད་སྐུ་གཞོན་ནུའི་སྤྱོད་པ་མཛད་དེ། བཞུགས་གྲལ་སོགས་མི་མཛད་པར་གླིང་གསེབ་ལ་ཕེབས། བྱམས་ཆེན་རབ་འབྱམས་པའི་འདུ་ཁང་ཡིན་པ། དེང་སང་སྟག་རྩེ་དགོན་གསར་བའི་ཤག་ཏུ་གྲགས་པ་དེར་ཕེབས། དེའི་ནང་ན་ཁམ་བུ་སྡོང་པོ་ཞིག་ཡོད་པ་དེ་ལ་ཕྱག་རེག་སྟེ་འདི་སྔར་གྱི་འདུ་ཁང་རྙིང་པ་དེ་ཡིན་སྙམ་པ་དང༌། འདི་ཡིན་གྱི་ངོས་གསལ་མེད་པའི་བྱམས་ཆེན་རབ་འབྱམས་པའི་གྲ་པ་མང་པོ་ཡང་ཐུགས་ལ་གསལ་བྱུང་གསུང༌། ཡང་དེའི་དུས་སུ་དཀའ་བཅུ་པ་ཉིད་ཀྱིས་ནང་སོ་རིན་པོ་ཆེ་དེའི་དུས་སུ་སུ་ལགས་ཞུས་པས། སྐུ་རྩེད་ཀྱི་ཚུལ་དུ་ཁྱོད་ཁ་དེ་ཚུམ། ཁ་སང་གི་བྱ་བ་དེ་རིང་མི་དྲན་པའི་སྔར་གྱི་དེ་སུས་དྲན་གསུང༌། དེ་ནས་ཉེ་བར་བཟུང་སྟེ་ཆོས་གྲ་ཆེན་པོ་འབྲས་ཡུལ་སྐྱེད་མོས་ཚལ་གྱི་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་བཀའ་དང་བསྟན་བཅོས་མཐའ་དག་གསན་ཞིང༌། དེ་དག་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད་དེ་ཕུལ་དུ་ཕྱིན་པར་མཛད་དོ། །དེ་ནས་དགུང་ལོ་ཉི་ཤུ་རྩ་ལྔ་བཞེས་པའི་ཚེ། དཔལ་གཞིས་ཀ་རིན་ཅེན་སྤུངས་པ་ནས་རིགས་ལྡན་སྤྲུལ་པའི་ཆོས་རྒྱལ་རིན་ཅེན་དབང་གི་རྒྱལ་པོས་བཀའ་ཡིས་བསྒོས་ཏེ། བྱང་ངམ་རིང་གི་ཆོས་གྲྭ་ཆེན་པོར་ཡོངས་སུ་གྲགས་པའི་པོ་