R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༢༢
[A:༢༢]ཏི་བཅོ་བརྒྱད། གཞན་ཡང་གསུང་རབ་དུ་མའི་སྐྱེས་འབུལ་བ་དང་བསྟན་པའི་རྣམ་གཞག་ལ་རྫོང་བདའ་མཛད། མི་དབང་དེ་ཉིད་ཀྱིས་བྱང་ཆོས་ཀྱི་རྒྱལ་པོ་མངའ་བདག་ནམ་མཁའ་རིན་ཆེན་པ་ལ། ངེད་ཀྱི་ནང་རྗེ་གཅིག་གི་བུ་ཆོས་མཛད་འདི་བསྟན་པའི་རྣམ་གཞག་ལ་རྗོད་བདའ་བྱས་ཡོད་པས། མགོ་འདོན་བདག་རྐྱེན་ཡགས་པོ་དགོས་ཚུལ་གྱི་ཕྱག་དམ་རྟེན་བཅས་བཟང་པོ་དང༌། རྗེ་ཉིད་རང་ལ་ཡང་གསོལ་ཇ་གོས་དར་ལ་སོགས་པའི་གནང་སྦྱིན་དང་ཞལ་ཏ་བཟང་པོ་མཛད། རྗེ་ཉིད་ཀྱིས་ཆོས་གྲྭ་ཆེན་པོར་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་རྒྱལ་བའི་གསུང་རབ་མཐའ་དག་དང༌། བཀའ་ཆེན་བཅོ་བརྒྱད་ལ་གྲ་བསྐོར་མཛད། ཁྱད་པར་དུ་འདུལ་བ་མདོ་རྩ་ལ་བཤད་པ་ནན་ཆེ་བ་མཛད། དེའི་དུས་ཚོགས་ཀྱང་ཤིན་ཏུ་ཆེ་བ་ཡོད་པ་ལ་དང་པོ་འཇིགས་ཞུམ་པ་བྱུང༌། དེ་རྗེས་བསམ་བློ་ལ་ཚོགས་པ་དགེ་འདུན་འདི་ཙམ་གྱི་དཀྱིལ་དུ་བཤད་པ་རྒྱབ་ཆོག་པ་ཚོགས་བསགས་ལ་དགོངས་པ་ཤར་ཏེ། དགེ་འདུན་དཔོན་སློབ་སྤྱི་བོར་བསྒོམས་ནས་མཛད་པས་སྔར་མི་ཐོན་པ་རྣམས་ཀྱང་ཐོན་ཞིང་ཁྲ་ལམ་ལམ་ཡོད་པ་ཞིག་བྱུང་བ་དང༌། མཁས་པ་ཐམས་ཅད་ཡིད་མགུ་ཞིང་མཐུན་སྣང་དུ་གྲུབ་པར་གྱུར། བྱང་ཆོས་ཀྱི་རྒྱལ་པོས་སྒེར་གྱི་བཞུགས་གྲལ་མཛད། དྲུང་རིན་ཆེན་དབང་གི་རྒྱལ་པོ་བས་ཁྱེད་ལ་བསྟོད་བསྔགས་ལེགས་པོ་མཛད་འདུག་པ། ཇི་ལྟ་བ་བཞིན་གདའ་ལགས། ཁྱེད་འདི་ཕྱོགས་བཞུགས་ཆོག་པ་བྱུང་ན་ངེད་ཀྱིས་དགོན་པ་ཆོས་གཞིས་སོགས་གང་དྲག་བྱེད་པ་ཡིན་ཏེ། རིན་སྤུངས་ནས་དཔོན་བློན་གྱིས་དགོངས་པ་ཁྲོལ་མི་ཡོང༌། གང་ལྟར་ཀྱང་ཁྱེད་ཀྱིས་བསྟན་པའི་བྱ་བ་འདི་གའི་མུ་བསྐྱངས་པའི་ལྷུར་ལེན་པ་ཞིག་མཛད་དགོས་གསུང་