[A:༢༣]བ་དང༌། གནང་སྦྱིན་ཀྱང་གྱ་ནོམ་པ་མཛད། འདི་སྐོར་དཀའ་བཅུ་པ་ཡོན་ཏན་འོད་ཀྱི་གསུང་སྒྲོས་ལགས། ཡང་སྐབས་ཤིག །སྐྱེད་མོས་ཚལ་དུ་སྔ་ཆོས་དུས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་ཚངས་པའི་གསུང་ཡོད། དེས་ཡིད་དྲངས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་ཆོས་ར་མ་གྲོལ་བར་ཐུགས་ཡིད་གཅིག་ཏུ་འདྲེས། ཆོས་ར་གྲོལ་ནས་ཟླའུས་ད་བྱོན་ཟེར་བ་མ་རྟོགས་ཉམས་སད་མ་ཐུབ། ཡང་སྐབས་ཤིག་སྐྱེད་མོས་ཚལ་ན། རང་གི་ཤག་ན་སྲོད་དང་ཐོ་རངས་དཔེ་ཆ་རྣམས་སྐྱར། ནམ་ལངས་ལ་ཁད་ལ་གཉིད་ཕྲན་བུ་ཞིག་བྱུང་བར་ཀུན་མཁྱེན་རིན་པོ་ཆེས་བདེ་མཆོག་ལོ་ཧི་པའི་དབང་སྟ་གོན་ནས་དངོས་གཞི་ཚང་མ་ཡོངས་སུ་རྫོགས་པ་ཞིག་གནང༌། གཉིད་སད་དུས་ཚིག་དོན་རྣམས་སྤུ་ཙམ་མ་འཁྲུལ་བར་ཁྲལ་ལམ་མེ་འདུག །ནམ་ལངས་པ་དང་བླ་བྲང་ནས་མི་གནང་བྱུང་སྟེ། དེ་རིང་བདེ་མཆོག་ལོ་ཧི་པའི་དབང་གནང་རྒྱུ་ཡིན་པས་བྱོན་གསུང༌། དེ་རིང་སྟ་གོན་སང་དངོས་གཞི་ཡིན་ཟེར། ཀུན་མཁྱེན་རིན་པོ་ཆེའི་གསུང་ནས་འདི་ཆོས་རྗེའི་དྲུང་ལ་བྱེད་དགོས་པ་ཞིག་ཡོད་གསུང༌། མནལ་ལམ་དང་བཅས་རྒྱུ་མཚན་ཞུ་བ་མ་བྱུང༌། ཀུན་མཁྱེན་རིན་པོ་ཆེ་ལ་བཀའ་གདམས་གླེགས་བམ་ལ་སོགས་པ་བཀའ་གདམས་སྐོར། གཤེད་དམར་སྤྲོས་མེད་ལ་སོགས་གཤེད་སྐོར། སྤྱོད་ཀྱི་སྐོར་ཤིན་ཏུ་མང་བ། གཏུམ་པོ་ལ་སོགས་ཕྱག་རྡོར་སྐོར། རྟ་མགྲིན་གསང་སྒྲུབ། སྒྲོལ་དཀར། སྨེ་བརྩེགས། དབྱངས་ཅན་མ་འཇམ་དཀར་ལ་སོགས་པའི་རྗེས་གནང༌། སྒྲུབ་སྐོར། གཞན་ཡང་མདོ་སྔགས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་གསན་ཅིང་ཐུགས་སུ་ཆུད་པར་མཛད་པ་རྣམས་ཞིབ་པར་གསན་ཡིག་ཏུ་གསལ། དེ་ནས་གཉེར་ཆེན་ཕྲ་མ་བས་ཆགས་སྡང་གིས་སྡེ་པ་ལ་ཞུ་ལོག་ཕུལ་བས་