R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༢༤
[A:༢༤]གསན་ཏེ། རང་གི་སྔོན་ལས་སྨིན་པས་ཕ་སྤུན་ཕལ་ཆེར་བསད། ནོར་འདོད་དགུ་ཡོད་པ་ཕྲོགས། ངེད་ལྷག་མ་རྣམས་སྲན་ཕུང་བེར་ཀས་གཏོར་བ་བཞིན་འཐོར་དགོས་བྱུང་སེམས་སྡུག་པ་ལ་ཚད་མ་བྱུང་ཀྱང་སྔོན་ལས་སུ་བསམ་པས་རེ་ཞིག་སྐྱེས་མོས་ཚལ་རང་དུ་བསྡད། ཀུན་མཁྱེན་རིན་པོ་ཆེས་སྡེ་པ་ལ་ཞུས་པའི་ཆས་ཁ་སེམས་མི་ཕམ་ཙམ་བྱུང༌། དེ་ཡང་ཕྲ་མ་བས་ཆང་རྫའི་ཐེམ་བུ་གཅོད་གཅོད་བྱས། ཡང་རིན་པོ་ཆེ་ཚར་ཆེན་དང་མཇལ་བའི་ཐོག་མར་སྐྱེད་མོས་ཚལ་གྱི་ཚོགས་ལ་བཞུགས་ཡོད་པའི་དུས། རིན་པོ་ཆེ་ཚར་ཆེན་དཔོན་སློབ་ལྔ་ཙམ་དབུ་ཞྭ་དམར་པོ་བཞེས་རིན་པོ་ཆེས་སྐུ་གཟན་ངུར་སྨྲིག་ཅིག་བཞེས་ཏེ། རྒྱ་མཐོང་ཁར་ཚོགས་ལ་གཟིགས་མོ་གནང་གི་འདུག་པས། སྐུ་མཐོང་མ་ཐག་སྨྲ་མི་ཤེས་པའི་དད་པ་དང༌། ཚོགས་གྲོལ་མ་ཐག་མཇལ་དགོས་དགོངས་པ་བྱུང་སྟེ། ཚོགས་གྲོལ་མ་ཐག་སྤྱན་དྲངས་འབུལ་བ་བཟང་པོ་བྱས། དེར་དགོངས་ཆོས་འབྲེལ་གྱི་ཐོག་མ་མགོན་པོ་གདོང་བརྙན་ཅན་གྱི་རྗེས་གནང་མཛད། དེ་ནས་རིང་པོ་མ་ལོན་པར་ཀུན་མཁྱེན་རིན་པོ་ཆེ་ཡང་མ་བཞུགས། རང་གི་ཕ་སྤུན་གྱི་བྱུང་ཚུལ་རྣམས་ཀྱང་དྲན། སེམས་སྐྱོ་བ་ལ་ཚད་མེད་པ་ཞིག་བྱུང་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ན་གཞན་ཅི་བྱུང་ཀྱང་སྡུག་བསྔལ་ལས་མ་འདས་པ་ཡིན། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ནས་ཤིན་ཏུ་འཇིགས་སུ་རུང་བ་ངན་འགྲོའི་རྦ་རླབས་བཟོད་གླགས་མེད་པ་འཁྲུག་པ། འཁོར་བའི་བྱ་བ་བཟང་བཟང་མོ་གང་བྱས་ཤིང་འགྲུབ་ཀྱང་ལོག་པའི་ལམ་འབའ་ཞིག་ལ་སོང་བ། སྔོན་སངས་རྒྱས་བྱང་ཆུབ་སེམས་དཔའ་མཁས་གྲུབ་ཀྱི་བླ་མ་དཔག་ཏུ་མེད་པ་ཞིག་བྱོན་ཡང་རང་གིས་ལེན་པས། ད་བར་འཁོར་བའི་རྒྱ་མཚོ་འདི་གར་ལུས། ད་དུང་སྡོད་ན་སློབ་གཉེར་བྱེད་ལོ་དང༌།