R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༢༥
[A:༢༥] ཆོས་བྱེད་རྒྱུ་བ་འདི་གས་ཆོག་པ་འདུག །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཉེས་བརྒྱའི་ཆུ་སྲིན་གདུག་པས་གང་བ་ནས། དལ་འབྱོར་གྱི་མི་ལུས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་རྙེད་པའི་དུས་འདིར་ད་ལྟ་ཉིད་དུ་ཆོས་ལ་མ་འབད་ན་སྐྱེས་ཙམ་ཉིད་ནས་འཆི་པའི་ཕྱོགས་སུ་དལ་བ་མེད་པར་འགྲོ་བ། གཤེད་མས་འཁྲིད་པའི་ཕྱུགས་བཞིན་དུ་ལོག་པའི་ཐབས་མི་རྙེད་པ། འཆི་བའི་རྐྱེན་མང་བ། གསོན་པའི་རྐྱེན་ཉུང་བ། ལུས་འདི་ནི་ཆུ་བུར་དང༌། རླུང་ནང་གི་མར་མེ་ལྟ་བུ་འདར་ཡེད་ཡེད་བ། ཚེ་འདིའི་ཕུན་ཚོགས་ནི་ངེད་རང་ཚེ་ལ་མི་ནོར་གང་ལ་བལྟས་ཀྱང་གཞན་ལ་སྨོན་དགོས་པ་མེད་པ་ལ། དུས་ད་ལྟ་རྨི་ལམ་སྒྱུ་མ་བཞིན་དུ་གྱུར། བསགས་པའི་ནོར་རྣམས་ནི་སྦྲང་མའི་སྦྲང་རྩི་བཞིན་དུ་གྱུར། རང་གིས་བསགས་པ་མིས་སྤྱོད། ངེད་རང་ད་ལྟ་ཕོགས་ཞུ། བླ་མ་ཀུན་མཁྱེན་རིན་པོ་ཆེ་ལྟ་བུ་མ་བཞུགས། འདི་ལྟ་བུ་ངེད་རང་གཅིག་པོ་ལ་ཡོང་བ་མིན། འཁོར་བའི་སེམས་ཅན་ཀུན་ལ་ཡོང་བ་ཡིན། ད་ཆ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པ་ཞིག་བྱེད་དགོས་པ་འདུག །དེ་ཡང་ཚེ་འདིའི་ཆེད་དང༌། ཆོས་བརྒྱད་ཀྱིས་མ་འདྲེས་པ་ཞིག་བྱེད་བསམ་པ་ཤར་ནས། རྒྱལ་བའི་བཀའ་གསུང་རབ་རྣམས་ལ་ཐོས་བསམ་བྱེད་བློ་བྱས་ཀྱང་ཡིད་འཕམ་མེ་བ་དང༌། སེམས་སྐྱོ་ཆོད་དེ་བ་དེ་ཡུན་རིང་པོའི་བར་དུ་བྱུང༌། ཡང་སྐབས་ཤིག་རྡོ་ལེབ་དཀར་མོའི་སྟེང་དུ་ཡུད་གཅིག་བསྡད་པའི་དུས། བསམ་བློ་ལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ནི་མ་བཞུགས། ད་རྡོ་རྗེ་འཆང་ཚར་བ་ཆེན་པོའི་དྲུང་དུ་འགྲོ་དགོས་དགོངས་པའི་ཚེ། མི་ནག་པོ་འཇིགས་སུ་རུང་བ་ཞིག་ཕྱོགས་བྱང་ནས་ལྷོ་ངོས་ལ་སོང༌། དེ་ཡང་གཟུགས་ཤིན་ཏུ་ཆེ་བ་གཙུག་ལག་ཁང་གི་སྤེན་བད་དང་ཁོའི་མགོ་མཉམ་