R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༣༨
[A:༣༨]ཇོ་སོགས་མི་ནོར་རྣམས་ཀྱི་བྱུང་ཚུལ་མཐོང་བ་དང༌། གཞོན་ནུ་ནས་ཐོས་བསམ་གྱི་སྒྲོ་འདོགས་མཁས་གྲུབ་ཀྱི་བླ་མ་རྣམས་ཀྱི་དྲུང་དུ་བཅད། དབེན་སར་ཉམས་ལེན་ཁོ་ན་བྱས་ཏེ། དལ་འབྱོར་གྱི་མི་ལུས་དོན་མེད་ལ་མ་སོང་བ་ཞིག་བྱེད་དགོས་བསམ་པ་ཡོད་པ་ལ། ཉེ་བ་སྲད་བྲག་དམར་བས་དགོན་པ་སྟོད་དང༌། པདྨ་ཆོས་སྡིངས་ལ་སོགས་པ་ཕུལ་ཏེ་ལོ་ཤས་བདག་བྱས། དགོན་པ་དེ་དག་ཏུ་ཆོས་ཁྲིམས་འཆའ་བ། ཆོས་འཆད་པ། སྒྲུབ་མཆོད་འཛུགས་པ་ལ་སོགས་པ་མང་དུ་མཛད། སྔར་ཡབ་བཤེས་གཉེན་བཟང་པོ་དེ་ཉིད་ཀྱིས་རོང་གཡག་སྡེར་རིན་པོ་ཆེ་ཤཱཀྱ་བློ་ལྡན་པ་སྤྱན་དྲངས། ཤངས་ཆོས། རྗེ་རས་ཆུང་པ་ནས་བརྒྱུད་པའི་ཆོས་ཤིན་ཏུ་མང་བ་གསན་འདུག་ཀྱང༌། དེའི་དུས་སྐུ་ནས་གཞོན་པས་ངེས་པོ་མི་འདུག་གསུང༌། སླར་རིན་པོ་ཆེ་བློ་ལྡན་པའི་བུ་ཆེན་ཤཱཀྱ་བསམ་གྲུབ་པ་སྤྱན་དྲངས་ནས་དམ་པའི་ཆོས་ཟབ་པ་དང༌། རྒྱ་ཆེ་བ་གསན་ཚུལ་ནི། ཤཱཀྱའི་བསྟན་འཛིན་གྲུབ་དབང་ཀུན་གྱི་གཙོ། །གང་དེའི་གསུང་གི་བདུད་རྩིའི་ཆུ་རྒྱུན་གྱིས། །བློ་གྲོས་བློ་ཡི་བུམ་བཟང་ཕྱུར་བུར་གཏམས། །དཔལ་ལྡན་སྙན་བརྒྱུད་བདག་པོར་ཕྱག་བཙལ་ནས། །གྲུབ་ཆེན་བཛྲ་ཀཱིརྟིའི་ཐུགས་ཀྱི་བཅུད། །རྒྱ་བོད་མཁས་གྲུབ་ཀུན་གྱི་ལམ་གྱི་མཆོག །དཔལ་ལྡན་འཁོར་ལོ་བདེ་མཆོག་སྙན་བརྒྱུད་ཀྱི། །བདག་བློའི་བུམ་བཟང་ཡོངས་སུ་གང་བར་གྱུར། །དེ་ལ་འདིར་ཤཱཀྱ་བློ་ལྡན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་རེག་པས་གཉིས་འཛིན་གྱི་འཁྲུལ་པ་ཞིག་སྟེ། ཆོས་ཉིད་ཀྱི་དོན་མངོན་དུ་གྱུར་པའི་རྣལ་འབྱོར་པ་ཤཱཀྱ་བསམ་གྲུབ་པའི་དྲུང་དུ། ཤངས་པའི་རྒྱུད་