[A:༣༧]པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་ཆོས་སྐོར་ལ། སེར་ཆེན། དྲེགས་བྱེད་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བ། ངལ་གསོས་པོ། བདེ་བྱེད་འཁོར་དང་བཅས་པ། གར་མཁན་མཆོག །གསང་སྒྲུབ་ལྗང་སེར་བེ་ཅོན་མ། ནང་མ་མོ་ལྟར་སྒྲུབ་པ་ལྷ་དགུ། རྟ་སྔོན་ཅན་ཐུན་མོང་མ་ཡིན་པ། དྲེགས་བྱེད་སེང་ཞོན་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བ། ཡང་གསང་སྲིན་པོ་བཞི་སྐོར། མཐིང་ཁ་ཞལ་གསུམ་ཕྱག་དྲུག་པ་ལྷ་བཅོ་ལྔ། ཞལ་གཅིག་ཕྱག་བརྒྱད་པ་ལྷ་མོ་བརྒྱད་ཀྱིས་བསྐོར་བ། ལྗང་གུ་ཞལ་གཅིག་ཕྱག་བཞི་པ་ཀླུ་བརྒྱད་ཀྱིས་བསྐོར་བ། མདུང་དམར་ཅན་ལས་མཁན་དང་བཅས་པ། མགོན་པོ་གར་མཁན་མཆོག་དམར་སྨུག་ཞལ་གསུམ་ཕྱག་བཅོ་བརྒྱད་པ། དཀར་པོ་ལྷ་དགུ། སྤྲིན་གསེབ་མ་ལྷ་དགུ །དེ་རྣམས་ཀྱི་རྗེས་གནང་ལུང་སོགས་ཆ་ཤིན་ཏུ་ཚང་བ། འབའ་ར་བ་ནས་བརྒྱུད་པའི་ཚེ་འཁྲིད། རྗེ་བཙུན་དམ་པ་འདི་ཉིད་ལ་བཀའ་ཆོས་གསན་པའི་སྐོར་ཤིན་ཏུ་རྒྱ་ཆེ་བ་ཡོད་ཀྱང་ཅུང་ཟད་ཙམ་བཀོད་པ། རྒྱས་པར་གསན་ཡིག་ན་གསལ། རྡོ་རྗེ་འཆང་ཆེན་མི་ཡི་གཟུགས་འཛིན་པ། །ཕ་རྒོད་བླ་མ་དམ་པའི་ཞབས་བསྟེན་ནས། །ཟབ་དོན་བདུད་རྩིའི་དཔལ་ལ་ལེགས་སྤྱོད་པ། །བགྲངས་ཡས་བསོད་ནམས་བསགས་པའི་འབྲས་བུ་ལགས། །ཚར་ཆེན་རྡོ་རྗེ་འཆང་ཆེན་པོའི་དྲུང་དུ་ལོ་ཤིན་ཏུ་མང་བ་བཞུགས། ཟབ་པ་དང་རྒྱ་ཆེ་བའི་བཀའ་ཆོས་རྣམས་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད། འཁྲིད་རྣམས་ཀྱང་ཉིན་མཚན་མེད་པར་ཉམས་འཁྲིད་དུ་བསྒོམས་པས། ཕ་བླ་མ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱང་ཤིན་ཏུ་མཉེས་ཤིང༌། ང་རང་ཡང་སྔར་ཡབ་དང༌། ངོ་