R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༤༤
[A:༤༤] དེ་ནས་འོག་མིན་ཀྱི་བར་དུ་ཆེས་ཆེར་བསྒྲགས་པར་གྱུར་ཏོ། །དུས་དེ་ཉིད་ནས་བཟུང་སྟེ། ལྟུང་བ་སྡེ་ལྔ་ཆར་གཏོགས་དང་བཅས་པའི་དྲི་མ་མཐའ་དག་དང་བྲལ་ཤིང༌། གཉེན་པོའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཆར་གཏོགས་དང་བཅས་པ་གཡེལ་བ་མེད་པར་གཅེས་སྤྲས་སུ་མཛད་པ་ཡིན་ནོ། །ཕུན་ཚོགས་ཞིང་ན་གྲངས་མེད་རིགས་བརྒྱའི་གར། །སྐུ་བཞི་ཡེ་ཤེས་ལྔ་ལྡན་རྒྱལ་བ་དངོས། །གཅིག་བསྡུས་དྲུག་པའི་སངས་རྒྱས་རྡོ་རྗེ་འཛིན། །ཁྱབ་བདག་འཁོར་ལོའི་མགོན་པོར་གསོལ་བ་འདེབས། །སྐྱབས་གསུམ་གཅིག་བསྡུས་བསྐལ་བཟང་འགྲོ་བའི་མགོན། །བརྒྱད་ཁྲི་བཞི་སྟོང་ཟབ་ཆོས་ཀུན་གྱི་མཛོད། །སྨྲ་བའི་དགེ་འདུན་འདུས་པའི་མཆོག་གྱུར་པ། །ཟླ་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །སྔོན་ཚེ་འཕགས་པའི་གནས་བརྟན་བ་ཀཱུ་ལ། །ཁ་བ་ཅན་ལྗོངས་སྤྱན་སྔ་ཚུལ་ཁྲིམས་འབར། །སླར་ཡང་ཞིང་འདིར་ངག་དབང་ཆོས་ཀྱི་གྲགས། །བཀའ་དྲིན་མཚུངས་མེད་ཞབས་ལ་གསོལ་བ་འདེབས། །འཁོར་བའི་ཕུན་ཚོགས་རྩྭ་རྩེའི་ཟིལ་པ་དང༌། །སྦྲུལ་གདུག་ཚང་ཚིང་ལྟ་བུར་ལེགས་གཟིགས་ཏེ། །ཐུབ་དབང་བསྟན་པའི་ཁང་བཟང་དམ་པར་བྱོན། །སྤྱན་སྔ་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཚན་ཉིད་ཀུན་ལྡན་ཡོངས་འཛིན་མཆོག་གྱུར་པ། །བཅུ་ཕྲག་གཅིག་དང་དྲུག་གི་ལྷག་པ་བསྟེན། །ཟབ་དང་རྒྱ་ཆེའི་ཆོས་ཚུལ་མ་ལུས་ཀུན། །ལེགས་གསན་ཐུགས་སུ་ཚུད་ལ་གསོལ་བ་འདེབས། །བསླབ་གསུམ་པདྨོའི་མཚོ་ཆེན་དག་ན་རྒྱུ། །ཐེག་གསུམ་གསེར་གྱི་རྒྱན་གྱིས་གདོང་མཛེས་ཤིང༌། །ཐུབ་བསྟན་ནོར་བུའི་ཁུར་གྱིས་ངལ་མེད་པའི། །གཉིས་འཐུང་དགེ་བའི་བཤེས་དེར་གསོལ་བ་འདེབས། །རྒྱ་ཆེན་ཐོས་པའི་ཕ་མཐའ་ཀུན་དང་བྲལ།