[A:༤༥] །བསམ་བྱུང་རིག་པའི་རླབས་འཕྲེང་ཆེར་གཡོ་བ། །སྒོམ་པ་ཡིད་བཞིན་ནོར་བུ་བྱེ་བས་ཕྱུག །བསྟན་པ་ཡོངས་རྫོགས་རྒྱ་མཚོར་གསོལ་བ་འདེབས། །མཁྱེན་པའི་སྤྱན་ཡངས་ཤེས་བྱ་མ་ལུས་གཟིགས། །བརྩེ་བའི་ཐུགས་རྗེས་འགྲོ་ཀུན་བུ་ལྟར་སྐྱོང༌། །ནུས་པའི་སྟོབས་ཀྱིས་བདུད་དཔུང་ཕྱེ་མར་འཐག །འཕྲིན་ལས་དབང་པོ་ཁྱོད་ལ་གསོལ་བ་འདེབས། །འཆད་པའི་སྒྲ་དབྱངས་བློ་གསལ་རྨ་བྱའི་གཉེན། །རྩོད་པའི་མེ་ཆར་རྒོལ་ངན་བྲག་རིའི་གཤེད། །རྩོམ་པའི་སྤྲིན་སྔོན་ལེགས་བཤད་བྱེ་བས་གཏམས། །མཁས་མང་བྱེ་བའི་རྒྱན་གྱུར་གསོལ་བ་འདེབས། །འཕྲིན་ལས་ལྷུན་གྱིས་གྲུབ་པའི་གྲུ་ཆེན་གྱིས། །འགྲོ་ཀུན་སྲིད་མཚོའི་ཕ་མཐར་རབ་བསྒྲལ་ནས། །བདེ་ཆེན་ནོར་བུའི་གླིང་དེར་འཁྲིད་མཛད་པའི། །དེད་དཔོན་ཀུན་གྱི་མཆོག་གྱུར་གསོལ་བ་འདེབས། །སྐལ་བཟང་དད་པའི་དབང་པོ་གཙུག་རྒྱན་རྩེར། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བཏབ་ན། །འཕྲིན་ལས་བཞི་ཡི་དགོས་འདོད་ཀུན་རྩོལ་བ། །རྗེ་བཙུན་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །དགའ་ལྡན་གྱི་ནམ་མཁའ་དྲི་མ་མེད། །འཕགས་ཡུལ་གྱི་དཱི་པཾ་ཀ་ར་བ། །བོད་ཡུལ་གྱི་དཔལ་ལྡན་ཨ་ཏི་ཤ །རྗེ་གང་གི་ཐུགས་ཀྱི་ཐུ་བོ་ལས། །རྒྱ་བོད་ཀྱི་མགོན་པོ་ཆོས་འཕེལ་ཞེས། །ཕ་བྷྲུཾ་རྗེ་རྒྱལ་བའི་འབྱུང་གནས་དངོས། །རྗེ་བསོད་ནམས་རྒྱ་མཚོའི་ཞབས་ལ་འདུད། །ཅེས་པའི་བསྟོད་ཡུལ་དེ་ཉིད་དང༌། མཁས་བཙུན་དམ་པ་རིན་པོ་ཆེ་ལྷ་བཙུན་པ། ཟབ་