R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༤༣
[A:༤༣]བརྒྱད་ཀྱི་ཉི་མ་བཞིར་ཕྱེ་བའི་སུམ་ཆ་རྫོགས་པར་ཤར་བའི་དུས་གངས་ཅན་མཁས་གྲུབ་བཙུན་པ་རྣམས་ཀྱི་གཙུག་རྒྱན་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་ངག་དབང་ཆོས་གྲགས་རྒྱལ་མཚན་དཔལ་བཟང་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་མཁན་པོ་མཛད། མདོ་སྔགས་བསྟན་པའི་སྒྲོན་མེ་རྗེ་བཙུན་ཀུན་དགའ་བཟང་པོའི་རིགས་ཀྱི་དབོན་པོ་མཚུངས་མེད་སངས་རྒྱས་སེང་གེས་ལས་ཀྱི་སློབ་དཔོན། བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་འཇུན་པ་ཆོས་རྗེས་གསང་སྟོན། ངོར་ཆེན་དཀོན་ཅོག་ལྷུན་གྲུབ་ཀྱི་སྐུའི་དབོན་པོ་དཀོན་ཅོག་དཔལ་ལྡན་པས་དུས་སྒོ་བ་མཛད། ཤེས་བྱ་རབ་འབྱམས་སྨྲ་བ་བཀྲ་ཤིས་རིན་ཅེན་པ་ལ་སོགས་པའི་མཁས་བཙུན་བཟང་གསུམ་གྱི་ཐུགས་རྒྱུད་གཏམས་པ་རྣམས་ཀྱིས་དད་པའི་དགེ་འདུན་མཛད་དེ། མདོར་ན་མཁན་སློབ་དགེ་འདུན་འདུས་པ་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས་པ་ཐོབ། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ལ་ཡོངས་སུ་རྫོགས་པའི་སྒོ་ནས་ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་རྣམས་གཙུག་གི་ནོར་བུར་གྱུར་ཏོ། །དེའི་ཚེ་མདོ་སྡེ་དྲན་པ་ཉེར་གཞག་ལས། ཇི་ལྟར་གསུངས་པ་ལྟར་བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་ལྷ་རྫས་ཀྱི་མེ་ཏོག་གི་ཆར་འབེབས། སངས་རྒྱས་ཀྱི་བསྟན་པ་དང་དཀར་པོའི་ལྷའི་ཕྱོགས་ནི་ཡར་ངོའི་ཟླ་ལྟར་གོང་འཕེལ་དུ་གྱུར། ལྷ་མ་ཡིན་དང་ནག་པོའི་ཕྱོགས་རྣམས་ནི། སྒྲ་གཅན་གྱིས་ཁར་ལྟུང་བའི་རྒྱུ་སྐར་བདག་པོ་བཞིན་དུ་མི་གསལ་ཞིང་འགྲིབ་པར་འགྱུར། སྙན་པའི་གྲགས་པས་ས་སྟེང་ཐམས་ཅད་ཁྱབ་ཅིང༌། ས་བླའི་ལྷ་རྣམས་ཀྱིས་རྒྱལ་ཆེན་རིགས་བཞི་པའི་ལྷ་རྣམས་ལ་བསྒྲགས། དེ་དག་གིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང༌།