[A:༤༩]ལེགས་པར་དྲངས་ཤིང་སྙན་བརྒྱུད་ཀྱི་གདམས་པས་བརྒྱན་ནས་ཐུགས་སུ་ཚུད་ཅིང༌། དེ་དག་གི་སྙིང་པོའི་བཅུད་ཕྱུང་བའི་སྤྲོས་བཅས་དང་སྤྲོས་མེད་ཀྱི་ཉམས་ལེན་གྱི་རིམ་པ་ཟབ་མོ་རྣམས་ལ་རྩེ་གཅིག་ཏུ་ཉམས་ལེན་མཛད་པའི་མཐུས། སོ་སོའི་གཞུང་ལུགས་ནས་བཤད་པའི་ཉམས་རྟོགས་རྣམས་ཇི་ལྟ་བ་བཞིན་ཐུགས་རྒྱུད་ལ་འཁྲུངས་པར་གྱུར་ཅིང༌། དེ་ཡང་སྐུ་གཞོན་ནུ་ནས་ངེས་འབྱུང་ཆེན་པོ་ཡོད་པ་དང༌། ལྷག་པར་ཡབ་མེས་རྣམས་ཀྱི་བྱུང་ཚུལ་གཟིགས་པས། གནས་མི་མེད་ཀྱི་ལུང་པ། རྒྱབ་རི་བྲག །དེའི་མདུན་ན་གཡའ་སྔོ་ཉིལ་ལེ་བ། ནགས་ཐོ་རེ་བ་ལ་མདུན་སྤང་རི་ཤིན་ཏུ་སྐྱིད་པ། མེ་ཏོག་སྣ་ཚོགས་སྐྱེ་བ། གཡས་ཕྱོགས་ལ་ཆུ་སྔོན་མོ་སྐད་ཁྲོལ་ལེ་འབབ་པ། བྱ་གོང་མོ་དང༌། འབྱོལ་མོ་སྐད་སྙན་པར་སྒྲོག་པ། ཆོས་ལྡན་གྱི་རྒྱལ་པོས་བདེ་བར་བསྐྱངས་པས་མི་ངན་གྱི་དགྲ་མེད་པར་བྱ་རི་དྭགས་རྣམས་ཀྱང་བག་ཕེབས་པར་སྡོད་པ། འཁོར་ཡུག་རྣམས་གངས་རིའི་འཕྲེང་བས་བསྐོར་བ། གྲོགས་ཆོས་མཐུན་ཡོད་ན་རྒྱལ་པོ་འབངས་དང་བཅས་པས་འཚོ་བ་མི་སྡུག་ཙམ་ཡོང་བ། དེ་ལྟ་བུའི་གནས་སུ་བྲག་ཕུག་བཟང་པོའམ། གཡམ་པ་ཤིན་ཏུ་ཡགས་པ་ཀ་གདུང་ཉན་པའི་སྤྱིལ་པོའམ། ཡང་ན་ཁང་པ་བཀོད་པ་ལེགས་ཤིང་སྐྱིད་པའི་ནང་དུ་འཇམ་ཞིང་འབོལ་བའི་གདན་གྱི་སྟེང་དུ། ཚེ་ཧྲིལ་པོ། ལུས་མི་གཡོ་རྣམ་སྣང་འཁོར་ལོས་བསྒྱུར་བའི་འདུག་སྟངས་ཀྱིས་འཁོར་བའི་ཉེས་དམིགས། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ་རྣམས་ཀྱིས་རྒྱུད་བསྐུལ་ཏེ་ཅུང་ཟད་ཙམ་དལ་བར་སྡོད་པའི་ལོང་མེད་པར་མ་གྱུར་འགྲོ་བ་ཐམས་ཅད་ཀྱི་རྣམ་མཁྱེན་སངས་