R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༤༨
[A:༤༨]ལ་ཁ་ཅིག་ནི་རིང་མོ་ཞིག་ནས་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཐུགས་ཞེན་དང༌། ཁ་ཅིག་ནི་དག་སྣང་ལྷུར་བླང་བ་དང༌། ཁ་ཅིག་ནི་ཆོས་ཀྱི་ཆ་ལག་ཅུང་ཟད་ལུས་པ་དང༌། འགའ་ཟུང་ནི་ཕར་སློབ་ཚུར་སློབ་ཏུ་གྱུར། མཐར་ནི་ཐམས་ཅད་ལ་སངས་རྒྱས་དངོས་ཀྱི་ཐུགས་དད་མཛད། ཟླ་བས་ལྷག་པའི་ཡོངས་འཛིན་བཅུ་ཕྲག་གཉིས། །ཁྱད་པར་བཀའ་དྲིན་ཆེ་བའི་བླ་མ་བཞི། །གཅིག་པུ་འགྲན་ཟླ་བྲལ་བའི་ཚར་པ་རྗེ། །མཉེས་པ་གསུམ་གྱི་སྒོ་ནས་བསྟེན་པའི་མཐུས། །རྒྱལ་སྲས་རྒྱལ་བའི་ཆོས་འཚོལ་རྟག་ཏུ་ངུ། །ནོར་བཟང་ནོར་གྱི་སྙིང་པོ་ཆོས་བསྒྲུབ་ལྟར། །མཁས་སྤྱོད་མཁས་པའི་བཤེས་གཉེན་མང་བསྟེན་ནས། །ཟབ་ལམ་ཟབ་མོའི་བདུད་རྩིའི་གཏེར་དུ་གྱུར། །ཉི་ཤུ་རྩ་གཅིག་དམ་པའི་ཡོངས་འཛིན་བསྟེན། །རྒྱུད་སྡེ་རྒྱ་མཚོའི་ཚིག་དོན་ཐུགས་སུ་ཚུད། །གངས་ཅན་མཁས་པ་ཀུན་གྱི་རྩེ་མོར་སོན། །དང་པོར་རྒྱ་ཆེན་ཐོས་བསམ་མཛད་དུས་ལགས། །ཞེས་སོ། །བཞི་པ་དེ་ལྟར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་དོན་དེ་རྣམས་རྩེ་གཅིག་ཏུ་ཉམས་སུ་བཞེས་པས། ཐུགས་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཁྲུངས་ཏེ་སྙིང་པོའི་དོན་བླངས་པའི་ཚུལ་ནི། སྤྱིར་རྒྱལ་བའི་གསུང་རབ་རབ་འབྱམས་ཐམས་ཅད་དང༌། ཁྱད་པར་རྒྱུད་སྡེ་རིན་པོ་ཆེ་དྲི་མ་མེད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་བྱུང་ཚུལ། དེ་དག་གི་དགོངས་པ་འཕགས་ཡུལ་གྱི་འབྲེལ་བྱེད་ཚད་ལྡན་དུ་མས་བཀྲལ་ཚུལ། གངས་ཅན་གྱི་ལྗོངས་སུ་འགྱུར་ཚུལ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་སོགས། བོད་ཀྱི་མཁས་གྲུབ་དག་གི་བཞེད་སྲོལ་སོ་སོ་མ་འདྲེས་པ་ཡོངས་སུ་རྫོགས་པ། ཕྱོགས་རེ་ཙམ་མ་ཡིན་པར་ལམ་གྱི་སྲོལ་ཡོངས་སུ་རྫོགས་པའི་གནད་ཐམས་ཅད་ལུང་རིགས་ཀྱི་ལམ་ནས་