R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༥༣
[A:༥༣]པ་ཉམས་པ་མི་མངའ། སྦྱིར་བདག་ཉིད་ཆེན་པོ་འདི་སྔོན་སྐུ་སྐྱེ་བ་དཔག་ཏུ་མེད་པ་ནས་གོམས་པས། དད་ཅིང་གུས་པ་རྣམས་ལ་ལྟ་ཞོག །མི་དད་པ་རྣམས་ལ་ཡང་ཁ་ན་མ་ཐོ་བ་ཙམ་ཡང་མ་ཤོར་བ་མཛད། རྩོད་པའི་ཆ་ལ་འདི་སྐད་དོ། །གྲུབ་མཐའ་ངན་པའི་བྲག་ནི་གཟེངས་མཐོ་ཡང༌། །རིག་པའི་གནམ་ལྕགས་འབར་བས་ཕྱེ་མར་འཐག །ཕྱོགས་ལས་རྣམ་རྒྱལ་རྔ་གསང་གད་བརྒྱངས་ཅན། །འཇིགས་མེད་སྨྲ་བའི་ཁྱུ་མཆོག་དེ་ལ་འདུད། །བདག་ཉིད་ཆེན་པོ་འདི་ནི། བླ་མ་ཡི་དམ་གྱི་བྱིན་རླབས་ཀྱི་རྟགས་མཚན་ཤུགས་ཆེས་པས། དང་པོ་སྐུ་གཞོན་ནུའི་དུས་ནས་ཐུགས་གཉེར་མཛད་པ་རྣམས་ཀྱང་རྗེས་སོར་སྐྱོར་བ་དང་མཉེལ་སོ་མ་མཛད་ཀྱང༌། ཆེར་མཉེལ་མི་འགྲོ་ཞིང་ཐུགས་དམ་གྱི་མྱོང་བས་གོ་བ་མ་རྙེད་པ་རྣམས་ཀྱང་རྙེད་ཅིང༌། དོན་ལ་བཟང་དུ་སོང་བ་དང༌། ཁྱད་པར་གསང་སྔགས་ཀྱི་ཕྱོགས་ལ་བླ་མ་གོང་མ་རྣམས་ཡིག་ཆ་གང་གི་སྟེང་ནས་མཛད། གང་ལ་ཐུགས་གཙིགས་ཆེ། ཕྱག་ལེན་གང་ལ་མཛད། འཁྲིད་ཀྱི་སྤྱན་དམིགས་ཀྱི་རིམ་པ་སོགས་བར་སྐབས་སུ་གནང་མ་ཐུབ་པ་དང༌། གཞན་ལའང་དགོས་པ་མ་བྱུང་ཡང༌། རྟབ་རྒྱག་ཏུ་དགོས་པ་བྱུང་ཚེ་འཕྲལ་དུ་མ་མཉེལ་བར་ངེས་ངེས་གནང་ཐུབ་པ་སོགས་དང༌། རྗེས་སུའང་མདོ་འཇོག་པ་གནང་ནས་རྒྱུན་རིང་པོ་སོང་ཡང༌། སྤྲུལ་པའི་སྐུ་སོགས་ཀྱི་བླ་ཆེན་ཤིན་ཏུ་ཁམ་ཆེ་བ་དང༌། དེའི་ཞབས་ཕྱིར་དགེ་བའི་གཤེས་གཉེན་ཤིན་ཏུ་མང་བ་སོགས་བཞུགས་པའི་ཚེ་རྩོད་པ་གནང་དགོས་མང་པོ་བྱུང་དུས། རང་ཕྱོགས་ལུང་རིགས་རྣམ་དག་གི་སྒོ་ནས་བསྒྲུབ་པ་དང༌། གཞན་ཕྱོགས་ལུང་རིགས་རྣམ་དག་གི་སྒོ་ནས་འཕམ་པར་མཛད་པ་ཡང་ཤིན་ཏུ་མང༌། མཐའ་ན་དཔལ་