R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A):
[A:༥]མེད་པ་འབྱུང་ལ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཕེལ་བར་བྱེད་པ་ཡིན་ནོ། །ཞེས་པ་དང༌། རྒྱུད་ལས་ཀྱང༌། སློབ་དཔོན་ཡོན་ཏན་གླེང་བྱ་ཡིན། །སྐྱོན་རྣམས་ནམ་ཡང་མ་ཡིན་ནོ། །ཞེས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ། བསྐལ་པ་གངྒའི་ཀླུང་གི་བྱེ་མ་སྙེད་དུ་བསྙེན་བཀུར་བ་བས་ནི། རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་བུ་ག་ལ་ཏིལ་མར་གྱིས་བྱུགས་པ་བསོད་ནམས་ཆེས་ཁྱད་པར་འཕགས་སོ། །ཞེས་དང༌། ལྷ་སྐུ་བྱེ་བ་སྟོང་བསྒོམས་པས། །བླ་མ་དྲན་པ་བསོད་ནམས་ཆེ། །ཞེས་དང༌། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་བརྗོད་པ་བས། རྡོ་རྗེའི་སློབ་དཔོན་གྱི་ཡོན་ཏན་གྱི་ཆ་ཤས་ཙམ་བརྗོད་པའང་བསོད་ནམས་ཆེས་ཆེར་གྲུབ་པ་ཡིན་ནོ། །ཞེས་དང༌། གང་དག་རྒྱ་མཚོའི་གོས་ཅན་རྡུལ་སྙེད་ཀྱིས། །རྒྱལ་བ་རྒྱ་མཚོའི་རྨད་བྱུང་ངོ་མཚར་གཏམ། །སྲིད་མཐའི་བར་དུ་དབྱངས་སུ་བསྒྲགས་པ་ལས། །འདི་ན་མཚན་ལྡན་རྡོ་རྗེ་སློབ་དཔོན་གྱི། །ཡོན་ཏན་རྟོག་པ་བརྗོད་པ་ཆ་ཤས་ཙམ། །བརྗོད་པའང་བསོད་ནམས་དཔག་ཏུ་མེད་དོ་ཞེས། །བསླུ་མེད་དམ་པའི་གཏམ་གྱིས་ཡིད་དྲངས་ནས། །བདག་གི་ཡིད་འདི་ཚུལ་འདིར་ཞུགས་པར་གྱུར། །ཡིད་འོང་མཚན་དཔེའི་ཚོགས་ཀྱིས་སྤྲས་པའི་སྐུ། །ཡིད་འཕྲོག་ཚངས་དབྱངས་ལྟ་བུར་སྙན་པའི་གསུང༌། །ཡིད་བཞིན་ནོར་ལྟར་འགྲོ་ལ་སྙོམས་པའི་ཐུགས། །ཡིད་ལ་རེ་བའི་འབྲས་སྩོལ་དེར་ཕྱག་འཚལ། །སྐུ་གསུང་ཐུགས་ཀྱི་གསང་བ་མི་ཟད་པ། །བདག་ལྟ་བྱིས་པའི་བློ་ཡི་ཅི་ཞིག་བརྗོད། །འོན་ཀྱང་ཇི་ལྟར་པདྨོའི་འབྱུང་གནས་ཀྱི། །རིན་ཆེན་མཐའ་དག་ལེན་པར་སུ་ཡིས་ནུས། །ཆ་ཤས་བླངས་པས་འདོད་དགུ་སྦྱིན་པ་ལྟར། །