[A:༦]ཅུང་ཟད་བརྗོད་འདིའང་དོན་དང་བཅས་པ་ཉིད། །མ་ལུས་རིགས་ཀྱི་ཁྱབ་བདག་རྡོ་རྗེ་འཆང༌། །རྩོད་པའི་དུས་འདིར་བཤེས་གཉེན་སྐུར་བསྟན་ནས། །རྣམ་མང་འགྲོ་ལ་ཕན་བདེ་སྩོལ་མཛད་པ། །རྒྱལ་སྲས་བླ་མའི་རྣམ་ཐར་ཅུང་ཟད་བརྗོད། །འདིར་བདག་ཅག་རྣམས་ཀྱི་དཔལ་ལྡན་བླ་མ་དམ་པ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རིགས་ཐམས་ཅད་ཀྱི་བདག་པོ་གདན་གསུམ་ཚང་བའི་དེད་དཔོན་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་གཉིས་སུ་མ་མཆིས་པའི་མཚུངས་མེད་རྗེ་བཙུན་དམ་པ། མཆོག་ཏུ་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ལ་གཅེས་སྤྲས་སུ་མཛད་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་ལྷག་པར་བརྩེ་བའི་ཐུགས་རྗེ་ཅན་བདེན་པ་གཉིས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་དང༌། རིམ་པ་གཉིས་ཀྱི་ཟབ་དོན་རྡོ་རྗེའི་རྣལ་འབྱོར་ལ་ཐུགས་རྟག་ཏུ་མི་གཡོ་བ། མཁས་པ་དང་གྲུབ་པའི་དབང་ཕྱུག་དུ་མའི་ས་འཛིན་གྱི་སྤོ་ལས་ལེགས་པར་བབས་པའི་ལུང་དང་མན་ངག་ཟབ་མོའི་བདུད་རྩིའི་རྒྱུན་དུ་མས་ཐུགས་ཀྱི་ཁྱོན་ཡང་དག་པར་གང་བའི་བསྟན་པའི་གངས་ཅན་མཚོར་སྐལ་བ་དང་ལྡན་པ་རྣམས་ལ་སྡེ་སྣོད་གསུམ་ལས་བྱུང་བའི་གདམས་པ་དང༌། རྗེས་སུ་བསྟན་པ་དག་གིས་སོ་སོ་རང་རང་གི་སྐལ་བ་དང་མཐུན་པར་རྒྱུད་སྨིན་པ་དང༌། གྲོལ་བར་མཛད་པའི་ཆོས་ཀྱི་དེད་དཔོན་ཆེན་པོ། །ཆོས་ཀྱི་དབང་ཕྱུག །ཕྱོགས་བཅུར་དམ་པའི་ཆོས་ཀྱི་རྔ་སྒྲ་ལྷག་པར་སྒྲོག་པའི་སྐྱེས་བུ་དམ་པ། སྐྱེས་བུ་ཁྱུ་མཆོག་དེ་ནི་ངེས་པར་སྟོབས་བཅུ་མངའ་བའི་གོ་འཕང་ལས་མ་གཡོས་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། མཆོག་གི་སྤྲུལ་པའི་སྐུ་དང༌། རྒྱལ་བའི་སྲས་པོ་སེམས་དཔའ་