R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༧༡
[A:༧༡]བ། །དྲོད་རྟགས་སྔོན་གྱུར་ཚད་ལྡན་བླ་མར་ཞུས། །གཅིག་པུར་དབེན་བའི་རི་ལ་སྒོམ་ཡུན་སྲིངས། །དེ་ལྟར་བགྱིས་དང་དོན་ཆེན་འགྲུབ་པར་ངེས། །ཞེས་པ་རང་གི་སློབ་མ་སྙིང་དང་འདྲ་བ་དཔལ་ལྡན་སྲད་གཞུང་པ་ཆོས་རྒྱལ་མཚོ་ལ་སྨྲས་པ་དགེ །ཡང་སྲད་ཀྱི་དགོན་པ་བདེ་ཆེན་ཕོ་བྲང་ན་རང་གི་ཚ་བོ་རྣམ་རྒྱལ་བ་དང༌། སྐལ་ལྡན་འགའ་ཞིག་ལ། གཤེད་དམར་སྤྲོས་མེད་ཀྱི་འཁྲིད་རྒྱས་པ་ཞིག་བྱས་པའི་དུས། དཔལ་གཤིན་རྗེ་གཤེད་དམར་པོ་སྐུ་ཤིན་ཏུ་ཆེ་ཞིང་ཡན་ལག་རགས་པ། འོད་ཟེར་དུ་མ་འཕྲོ་བ་ཞིག་གི་ཕྱག་གཡོན་ན་ཐོད་པ་ཤིན་ཏུ་དཀར་བ། འོད་ཟེར་འཕྲོ་བ་ཞིག་འདུག་པ་ནས། བདུད་རྩི་ཁ་དོག་དཀར་ལ་དམར་བའི་མདངས་ཆགས་པ་ཞིག་བྱིན་བྱུང་བ་འཐུངས་པས། རོ་བརྒྱ་དང་ལྡན་པ་ལ་ཅུང་སྐྱུར་བ་ཤས་ཆེ་ཙམ་འདུག་པས། དེ་ནས་བཟུང་རྒྱུན་རིང་པོའི་བར་ཏིང་འཛིན་འབའ་ཞིག་ལ་འགྲོ་བ་བྱུང་སྟེ། འདི་སྐད་དོ། །གཉིས་སྣང་རྟོག་པའི་རང་འཚང་དབྱིངས་སུ་རིག །རིག་སྟོང་བརྗོད་མེད་དགའ་བས་ཐུགས་རྒྱུད་གང༌། །གང་ཤར་དག་པའི་དཀྱིལ་འཁོར་འཁོར་ལོ་སྣང༌། །སྣང་སྲིད་ཕྱག་རྒྱ་ཆེན་པོའི་རོལ་པར་ཤར། །ཞེས་སོ། །ཡང་རྗེ་འདི་ཉིད་སྲད་ཀྱི་དགོན་པ་པདྨ་ཆོས་སྡིངས་སུ་ཕེབས་དུས་སུ། དེར་སྔ་མོ་དུས་འཁོར་ལ་མཁས་ཤིང་སྦྱོར་དྲུག་གི་གྲུབ་ཐོབ་རིན་པོ་ཆེ་བུ་སྒོ་བ་ཞུ་བའི་བླ་མ་ཤིན་ཏུ་བཟང་བ་ཞིག་ཏུ་སྐུ་སྐྱེ་བ་བཞེས་པ་ཐུགས་དྲན་ཏེ། བུ་སྒོ་བ་ཡོད་པའི་བཞུགས་ཡུལ་དེ་ན་གཞན་སུ་ལ་ཡང་རྒྱུས་མེད་པ་ལ། རྗེ་འདི་ཉིད་ཀྱི་གསུང་ནས་འདི་ན་རྡོ་བྱིན་རླབས་ཆེ་བ་ཞིག་ཡོད་གསུང༌། རྡོ་སྨུག་པོ་ཨ་རང་བྱོན་ཡོད་པ་ཞིག་སྟོན་པ་གནང༌། དགོན་པ་དེ་ཆུ་བཟང་སྲད་བྲག་དམར་བས་ཞབས་ཏོག་ཕུན་