R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༧༠
[A:༧༠]བྱུང་བ། འདི་ཁུར་ན་དངོས་སྲེད་དུ་འགྲོ་དགོངས་བཞག་པས། དཀོན་གཉེར་རྣམས་ཀྱིས་ཕྱག་ཏུ་ཕུལ་ནས་སྔ་སོར་ཡང་བསྟན་འཛིན་རྣམས་ལ་འདི་བཞིན་ཡོང་གི་ཡོད་སྣོམས་ཟེར། རྟེན་འབྲེལ་ལེགས་དགོངས་བསྣམས། ཡང་སྐབས་ཤིག་སྲད་ཀྱི་དགོན་པ་བདེ་ཆེན་ཕོ་བྲང་ན་ཡོད་དུས། སྐྱ་བཙུན་འགའ་རེའི་ཆོས་མི་དྲན་པའི་སྤྱོད་འགྲོས་དང༌། འཁོར་བའི་སྡུག་བསྔལ་དང༌། རང་གི་དཔོན་པོས་ཕ་སྤུན་རྣམས་ཉེས་མེད་ལ་བསད། ནོར་ཕྲོགས། ཡུལ་འཁྱར་བ་སོགས་སྡུག་བསྔལ་སྦྱོད་སྤྱོད་གལ་བ་རྣམས་དྲན། ཆོས་མིན་པ་གང་ལའང་སྙིང་པོ་མི་འདུག་བསམས་ནས་རང་གི་སློབ་མ་ལ་འདི་སྐད་སྨྲས་སོ། །རྗེ་སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང༌། །ཕ་སྤྲུལ་པའི་རྒྱལ་པོ་ཚར་པ་རྗེ། །ཡིད་ཟོལ་ཟོག་མེད་པའི་དད་སེམས་ཀྱིས། །བུ་སྙིང་ནས་འདུད་དོ་ཐུགས་རྗེས་སྐྱོངས། །ཁྱབ་བདག་འཁོར་ལོའི་དབང་ཕྱུག་རྡོ་རྗེ་འཆང༌། །གཉིས་མེད་ཤེས་རབ་མ་དང་རྣམ་རོལ་བའི། །བདེ་ཆེན་ཡེ་ཤེས་གར་མཛད་ཧེ་རུ་ཀ །དཔལ་ལྡན་ཁྲག་འཐུང་བློ་གསལ་དབང་པོར་འདུད། །དལ་འབྱོར་ལྡན་པའི་ཆོས་ཀྱི་རྒྱ་མཚོ་ལ། །མི་རྟག་དམ་ཆོས་བསྐུལ་མ་འདི་སྐད་སྨྲ། །རྣ་བའི་དབང་པོ་གཏོད་ལ་ལན་བརྒྱར་ཉོན། །དལ་འབྱོར་འདི་ནི་ཤིན་ཏུ་རྙེན་པར་དཀའ། །རྙེད་པའི་དུས་འདིར་ཆོས་ལ་མ་འབད་ན། ཡུན་རིང་སྡོད་པའི་གདེངས་མེད་འཆི་བས་སླེབ། །ཚེ་འདིར་ཐོང་དཀའི་དངོས་པོ་ལྟ་ཅི་སྨོས། །རང་གི་ལུས་ཀྱང་རྫ་ཆག་བཞིན་དུ་འབོར། །སྔོན་བྱུང་སྲིད་པའི་ཤ་ཚུགས་རང་སེམས་དེ། །ཐར་མེད་དམྱལ་སོགས་སྡུག་བསྔལ་མྱོང་དུས་སུ། །སུས་ཀྱང་ཕན་པ་མེད་དོ་ཆོས་ལ་འབུངས། །ཆོས་ཀྱང་བླ་མ་བརྒྱུད་པ་དང་ལྡན་ཞིང༌། །འཁྲུལ་མེད་གདམས་པ་གོ་རིམ་མ་ནོར་