R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༧༢
[A:༧༢]སུམ་ཚོགས་པ་བསྒྲུབས་ཏེ་བཞུགས་པས། གཉེར་ཆེན་ཕྲ་མ་བས་ཉ་མགོ་གནོན་མི་བཏང་སྟེ། དམག་བྱེད་པའི་རྩིས་བྱས་པར། དེར་བཞུགས་མ་བདེ་བར་ཐོག་མར་རིན་པོ་ཆེ་ཚར་ཆེན་གྱི་དྲུང་དུ་ཕེབས། དེར་རྗེས་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ཏེ། འདི་སྐད་དོ། །ནམཿརཏྣ་གུ་ར་ཝེ། ཁྲག་འཐུང་ནག་པོ་སྲིན་པོའི་གཟུགས། །མ་ཧཱ་ཀཱ་ལ་ཚར་པ་རྗེ། །མཐུ་སྟོབས་དྲག་པོའི་ཤུགས་དང་ལྡན། །དགྲ་བགེགས་ཚར་གཅོད་གང་དེར་འདུད། །བས་མཐའི་སྙོམས་ཆུང་མཻ་ཏྲི་ང༌། །ཚེ་འདིའི་ཆེ་ཐབས་ཀུན་དོར་ནས། །དབེན་པའི་ནག་ཚལ་ཉམས་དགའ་བར། ཕ་རྒོད་ཚར་པ་ཆོས་རྗེ་ལ། །གསོལ་བ་སྙིང་གི་དཀྱིལ་ནས་བཏབ། །རྩེ་གཅིག་བསམ་གཏན་སྒོམ་འདོད་ཀྱང༌། །བསྒྲལ་བའི་ཞིང་རྣམས་ཚང་བ་ཡི། །ཕྲ་མ་བ་ཟེར་སྡིག་ཅན་འདིས། །ཉེས་མེད་ཕ་སྤུན་དམར་གསོད་བྱས། །ལྷག་རྣམས་དབྱུག་པས་སྲན་གཏོར་ལྟར། །ཆ་མེད་ཡུལ་ལ་འཁྱར་དགོས་བྱུང༌། །དེ་ཙམ་ཡིན་ནའང་བསྲན་བཟོད་བྱས། །རྗེ་བཙུན་བཀའ་རྒྱ་དམ་པ་ནས། །དྲག་པོའི་ལས་སྦྱོར་གཏན་མ་བྱས། །སྔོན་གྱི་ལས་སུ་ལེགས་པར་བསམ། །བྱ་བྲལ་ངས་དམའ་བའི་སེམས་བཟུང་ནས། །དཔལ་འབྲས་ཡུལ་རྫོང་དཀར་ཆོས་གྲར་བསྡད། །ཀུན་མཁྱེན་པའི་དབང་པོ་འབུམ་རམས་པས། །ཐུགས་བརྩེ་བ་ཆེན་པོས་རྗེས་བསྐྱངས་ཏེ། །ཁོང་རིན་ཅེན་སྤུངས་པའི་སྡེ་པ་ལ། །རྣལ་འབྱོར་གྱི་འཚོ་བརྒྱགས་ནན་གྱིས་ཞུས། །འཆག་མེད་ཀྱི་འཚོ་བརྒྱགས་གང་དགོས་གནང༌། །དེ་ཡང་དམ་ཉམས་སྡིག་ཅན་འདིས། །འཚོ་བརྒྱགས་ལ་ཐེམ་བུ་གཅོད་གཅོད་བྱས། །མི་ངས་ཀྱང་གཙང་གི་ཕྱོགས་ལ་ཕྱིན། །སྲད་བྲག་དམར་བ་ཟེར་བའི་ཉེ་ཚན་གྱི། །དགོན་པ་ཞིག་འདུག་པ་ཁོ་བོ་ལ་བྱིན། །མི་ངས་ཀྱང་