R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༧༥
[A:༧༥]ངག་དང༌། ཆོས་སྐྱོང་ལ་ཡིད་ཆེས་ན་ཡོང་གི་འདུག །ཡང་ང་ལ་གནོད་སེམས་གཏན་མེད་ཀྱང་རྗེས་སུ་ཁོང་ཚོའི་ཞལ་ངོ་ཞིག་སྐྱིད་ཤོང་དུ་བྱུང་བར། སྡེ་པ་རིན་པོ་ཆེའི་གསུང་ནས་ཁོང་ལ་གང་གིས་ཀྱང་སྐྱོན་མེད་འདི་ལ་ཕྱག་དབང་དང་བཀའ་བསྒོ་གནང་ན་ཨེ་ཡོང་གསུང༌། དེའི་དུས་ཁོང་གཞོན་ནུ་ཡིན་སྐྱོན་མེད་བྱས་བྱིན་རླབས་དང་བཀའ་བསྒོ་གཉིས་ག་བྱས་པས། ཁོ་ལ་དེ་དགོངས་དོང་རིང་པོ་ཞིག་ནས་ཐོན་པའི་རྨི་ལམ་བྱུང་ཟེར། གང་ལྟར་རྗེས་སུ་ཡང་སྐྱོན་ཡིན་པ་འདྲ། སྐྱིད་ཤོད་ཀྱི་དཔོན་རིགས་རྟ་པ་ཞལ་ངོ་རྣམས་ཀྱིས་གོང་བཞིན་ཁོ་རང་བསད། ནོར་དང་ས་ཆ་རྣམས་ཕྲོགས་ཏེ་ལྷག་རྣམས་དོན་འགྲོ་དགོས་བྱུང་སོང༌། ལས་སྦྱོར་ཡིན་ངེས་འདི་ག་མ་གཏོགས་གཞན་སུ་ལ་ཡང་གནང་བ་མེད། མདོར་ན་བདག་རྣམས་ཀྱིས་ནི་མཆོག་ཐུན་མོང་གི་དངོས་གྲུབ་གང་བསྒྲུབས་ཀྱང༌། འབད་རྩོལ་དྲག་པོས་སྒོར་མོར་བསྒྲུབས་པ་བས། རྗེ་བཙུན་འདིས་ཞག་གཅིག་བསྒྲུབས་པའང་རྟགས་བཟང་བ་འདུག་ལགས། དེ་ལ་འདི་སྐད་དོ། །སྐྱེ་བོ་དམན་དང་དམ་པའི་ཁྱད་པར་ནི། རྒྱ་མཚོ་བ་ལང་རྨིག་རྗེས་ཆུ་བཞིན་དུ། །དམ་པ་འདི་དང་བདག་སོགས་གང་ཟག་མཚུངས། །བདག་སོགས་རྣམས་ཀྱང་ཁྱེད་བཞིན་འགྲུབ་པར་ཤོག །ཅེས་དང༌། རྡོ་རྗེ་འཆང་དབང་རྗེ་བཙུན་ཁྱོད་ཀྱི་བཀའ། །དམ་ཅན་རྒྱ་མཚོ་འཁོར་དང་བཅས་རྣམས་ཀྱིས། མ་བསྒོས་པར་ཡང་འཕྲིན་ལས་ཀུན་སྒྲུབ་ཅིང༌། །མཛད་པས་ཐུབ་བསྟན་རྒྱས་མཛད་དེ་ལ་འདུད། །ཡང་བྲག་དམར་དུ་གཏོར་བཟློག་ཅིག་མཛད་པས། དགུན་ས་འཁྱགས་པའི་ཤིན་ཏུ་གྲང་བ་ལ་གཏོར་མ་ས་ལ་ཕྱེད་ཙམ་ཐིམ་པ་དང༌། ཚེག་སྒྲ་ཤིན་ཏུ་ཆེ་