R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༧༨
[A:༧༨]རྣམས་ལ་ཆོས་ཀྱིས་ཕན་གང་ཐོགས་བྱས། ཨ་ལི་ཆོས་རྗེ་ལ་ཆོས་ཤིན་ཏུ་མང་བར་གནང༌། བྲན་བདུད་ཀྱི་རྗེས་གནང་མཛད་དུས། བྲན་བདུད་དེར་འདུག་པ་གསོལ་དཔོན་གྱིས་སྤྲེའུར་མཐོང༌། ནི་གུའི་ཆོས་བཙུགས་པས་དགུན་དགུ་འདྲེན་པའི་སྐབས་ཡིན་པ་དང༌། ནཱ་ལེནྡྲ་ཤིན་ཏུ་གྲང་བ་ནས། རྒྱུད་སྡེ་ལྔའི་སྟ་གོན་གྱི་དགོངས་གཏོར་མ་དང་བུམ་པ་འགྲིལ་བ་སོགས་གང་བྱས་ཀྱང་འཁྱགས་ཏེ། གྲྭ་པ་རྣམས་ད་ལམ་གྲང་ངད་ཆེས་པས་འོ་བརྒྱལ་ཞིང་དབང་བཀའ་རྣམས་ཀྱང་མངས་པས་གནང་མི་ཐུབ་པ་འདྲ་ཞུ་བ་ལ། རྗེ་ཉིད་ཀྱི་གསུང་ནས་སྐྱོན་མེད་སང་ནས་དེ་ཙམ་མི་ཡོང་གསུངས་པས། སང་དེ་ནས་དྲོད་ཕེབས་ཏེ་སྔར་འཁྱགས་ཡོད་པ་རྣམས་ཀྱང་ཞུ། ནང་དུ་གཏོར་མ་འཁྱགས་པ་ལྟ་ཅི། སྔར་གྱི་དཀར་རྒྱན་རྣམས་ཀྱང་ཞུ། བུམ་པ་འཁྱགས་པའི་གྲབས་ཀྱང་མེད་པ་དང༌། གྲྭ་པ་ཐམས་ཅད་ཀྱང་ཐུན་མོང་མ་ཡིན་པའི་དད་པ་ཐོབ། ཁམས་ཚན་ཐུག་ལ་ཁང་བྱུང་བ་རྣམས་ལ་ཡང་སྡེ་འཁྲུག་གི་ཉེས་པ་ཅུང་ཟད་གསུངས་པས་ཀྱང་བཀའ་ལས་མི་འདའ་བར་ཤིན་ཏུ་གུས་པར་གྱུར་ཅིང༌། དེ་ལྟ་བུའི་གཤིས་ཀྱིས་གྲྭ་པ་རྣམས་ཀྱིས་ནན་ཆེས་པས་མགོན་པོའི་ཆོས་སྐོར་ཡང་མང་པོ་གནང་དགོས་བྱུང༌། བསྟན་པ་དང་སེམས་ཅན་ལ་ཕན་དུ་རེ་ནས་ཆོས་ཀྱང་མང་པོ་བཤད། ང་བཟང་དུ་ལྷུན་གྲུབ་སྡིངས་ནས་ནང་སོས་སྐུ་ཆས་ཅི་དགོས་ཕུལ་ཏེ། དང་པོའི་རིན་པོ་ཆེ་ཚར་ཆེན་གྱི་གཟིམས་ཁང་དུ་སྐུ་མཚམས་དམ་པོ་མཛད་དེ་བཞུགས་པས། གུར་མགོན་ལྷ་བརྒྱད་སྐུ་འོད་ཀྱི་རང་བཞིན་ཅན་དུ་གཟིགས། གུར་མགོན་ལྷ་བརྒྱད་སྐུ་ཡི་སྣང་བརྙན་ནི། །འོད་ཟེར་ཁྲོད་ན་འཛུམ་མདངས་ལམ་མེར་བཞུགས། །བར་ཆད་གཡུལ་ལས་རྣམ་