[A:༧༧]ཡལ་ནས་ཐལ། ད་མགོན་མེད་པའི་བདག་སོགས་འགྲོ་བ་རྣམས་ཇི་ལྟར་བྱེད་བསམས་པ་དང༌། མིག་མཆི་མས་གང༌། སེམས་ལ་བཟོད་གླགས་མེད་པའི་སྡུག་བསྔལ་དཔག་ཏུ་མེད་པ་བྱུང༌། སླར་བསམ་བློ་ལ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང༌། བླ་མ་གོང་མ་ཚང་མས་མྱ་ངན་ལས་འདའ་བའི་ཚུལ་བསྟན། ཁོང་རྣམས་དང་བདེ་བ་ནས་བདེ་བའི་ཞིང་དུ་གཤེགས་པས་ཁམ་ཆེ། སྙན་བརྒྱུད་ཀྱི་གདམས་པ་རྣམས་ནི་ཐོབ། རང་རེ་ཆོས་གཤའ་མ་ཞིག་བྱེད་དགོས། ད་དུང་གནས་གསར་ནས་རྗེ་དྲུང་རིན་པོ་ཆེ་ལྟ་བུ་ཡང་བཞུགས་བསམ་པ་དང༌། འཇིག་རྟེན་ཕྱོགས་ནས་ངེད་རང་ཚོའི་བྱུང་ཚུལ་ཀྱང་དྲན། སྔོན་ནས་བསམས་པའི་གནས་དེ་ལྟ་བུ་ཞིག་ཏུ་ཐུགས་དམ་བྱེད་པ་ལས་གཞན་ཐབས་མེད་བསམས་པ་ཤར། དེར་ངེད་རྗེ་དྲུང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་དང་བཅས་གདུང་མཇལ་བར་ཕེབས། གདུང་ཤིང་སྒམ་ནང་ན་གདན་དྲངས་ཚར་འདུག །ངེད་དཔོན་སློབ་དངོས་སུ་གདུང་མཇལ་མ་ཐུབ། ཐུགས་ཉམ་ཐག་པར་གྱུར་པ་ལ་སླར་འདར་ནས་སྡེ་པ་དང༌། གནས་གསར་ནས་ཀྱིས་ཐུགས་ཁུར་བཞེས། དཔོན་སློབ་རང་ལ་ཡང་ཁམ་ཆེ་བ་ཡོད་པ་དང༌། ངེད་རང་རྣམས་ཀྱིས་ཀྱང་རྒྱུ་དངོས་གང་ཡོད་ཕུལ་ཏེ། དགོངས་པ་རྫོགས་ཐབས་རྒྱ་ཆེ་བར་གྲུབ་པར་མཛད། ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་རུས་ཀྱི་དབོན་པོ་སངས་རྒྱས་སེང་གེ་པ་ནཱ་ལནྡའི་གདན་སར་ཕེབས་པའི་ཕྱག་ཕྱི་བྱས་ནས་དབུས་ཕྱོགས་ཕེབས། རྡོ་རྗེ་འཆང་ཚར་པ་ཆེན་པོའི་བཀའ་བཞིན་དབུས་སུ་དགོན་པ་བྱུང་བ་རྣམས་བདག་བྱས། ནཱ་ལེནྡར་དབང་རྗེས་གནང་སོགས་ཀྱིས་ཁམས་པ་རྣམས་དང༌། དེར་འདུས་པའི་གྲྭ་རིགས་