R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༧༩
[A:༧༩]པར་རྒྱལ་གྱུར་ཏེ། །གྲུབ་པ་མཆོག་བརྙེས་རྗེ་བཙུན་ཁྱོད་ཕྱག་འཚལ། །གཞན་ཡང་ཡི་དམ་ཆོས་སྐྱོང་མང་པོ་ཞལ་གཟིགས་ཡོད་འདུག་སྟེ། རྗེ་བཙུན་འདི་ཉིད་གསང་བ་ཁོ་ན་མཛད་པས་མ་ངེས་ལགས། ཡང་སྐབས་ཤིག་སྟག་ལུང་བན་དཔོན་པས། མི་ངན་པ་འགའ་ཞིག་གི་ཕྲག་དོག་བྱས་པའི་མི་སྙན་པ་སྣ་ཚོགས་བརྗོད་པ་ཐུགས་ཀྱིས་མ་བཟོད་པར། འདི་ལ་ཞ་རོག་བཞུགས་ན་མི་ཡོང་བ་འདུག་གསུང་བའི་ཞུ་ཡིག་རྟེན་སོགས་ཕུལ་བར། ལན་དུ་གསུང་གི་གླེགས་བུ་གསོལ་ཇ་བཟང་བའི་རྟེན་དང་བཅས་པ་ཕེབས་པ་བཀའ་དྲིན་ཆེ། དེ་ལ་འདི་སྐད་ལོ། །བཟང་འདོད་ལྟོགས་འདོད་ཀྱི་སྤྲེའུས། ཉོན་མོངས་ཕྲག་དོག་གི་མི་གཙང་བས། བསམ་བཟང་ཆོས་མཐུན་གྱི་ལྗོན་ཤིང་ལ་གཏོར་བས་བྱིངས་སྤྲེའུ་རང་ལ་ལོག་སྟེ། མ་རིག་པའི་ཕྱོགས་རྟོགས་རྣམས་མི་གཙང་བའི་འདམ་དུ་ཚུད་པའི་སྡུག་བསྔལ་ངན་འགྲོའི་གཡང་དུ་ལྷུངས་ཏེ། སྐྱེ་བ་ལྔ་བརྒྱར་གནས་པ་དུས་ཐམས་ཅད་དུ་སྡུག་བསྔལ་གྱི་ཅ་ཅོ་སྒྲོག་པ་སོགས་ཀྱི་ཉེས་པ་མཐོང་བས། སྙིང་རྗེ་བཅོས་མ་མ་ཡིན་པ་སྐྱེས་པའི་ངང་དུ་མཆིས། བདག་ལ་བརྟེན་ནས་གཞན་སྡིག་མེད་པ་ཞིག་རྗེ་བཙུན་བླ་མ་དམ་པ་མཁྱེན་སྙམ་པའི་ངང་ནས་འདི་སྐད་དོ། །ཨ་ཧོ་བསྟན་པའི་བདག་པོ་ས་སྐྱ་པའི། །བླ་མེད་གདམས་པའི་རྒྱ་མཚོ་ཆེན་པོ་ལ། །དབང་སྒྱུར་མན་ངག་ནོར་བུའི་ཅོད་པན་ཅན། །བློ་གསལ་རྒྱ་མཚོའི་བཀའ་དྲིན་ཆེན་པོ་ལས། །བྱུང་བའི་ནོར་འཛིན་རིགས་སྔགས་འཆང་བ་ང༌། །ལས་འབྲས་རྒྱབ་སྐྱུར་བྱ་བའི་དུག་མཚོན་ལས། །རྨི་ལམ་ཡུལ་དུ་འཆར་བའང་ག་ལ་སྲིད། །རྒྱུད་དང་བླ་མའི་མན་ངག་མངོན་སྤྱོད་ཀྱི། །ལྷ་ཡི་དབང་པོ་དག་ཀྱང་སྒྲོལ་ནུས་ན། །ལུས་ཅན་