[A:༨༠]གཞན་ལ་ལྟ་ཅི་སྨོས་མ་དགོས། །འོན་ཀྱང་ཞིང་ལྔ་ཚང་བ་མ་ཡིན་པའི། །མངོན་སྤྱོད་བཅས་ན་སངས་རྒྱས་བཀའ་དང་འགལ། །དེས་ན་ཁོ་བོས་ལས་འབྲས་བླང་དོར་གྱིས། །མངོན་སྤྱོད་བརྩམས་ན་ཉེས་དམིགས་ཡོད་པ་ཤེས། །དེས་ན་དེ་འདྲའི་ཡུལ་ཀྱང་མ་ལགས་སོ། །དིང་སང་སྙིང་རྗེ་བསྒོམ་པའི་རྣལ་འབྱོར་ལ། །རྩེ་གཅིག་ཉམས་ལེན་བྱེད་པ་ཁོ་ནར་བས། །ཞེས་གསུངས་ཏེ། ཁྱེ་དང་རྒྱལ་ཁ་གཞན་ལ་གཏོང༌། གྱོང་དང་བུག་ཁ་རང་གི་ལེན་པའི་ཉམས་ལེན་མཛད། ཡང་སྐབས་ཤིག །དད་ནོར་ཕུན་སུམ་ཚོགས་པ་ཡོད་པའི་ཡོན་བདག་ཨའོ་ལྷ་ཟེར་བ་ཞིག་མདོ་ནས་ཡར་ལམ་ལ་ཡོང་དུས། ལམ་བར་ལ་དགྲ་ཆེན་པོ་ཞིག་ཡོད་པ། ཁོང་ཡོན་བདག་ཤིན་དུ་དད་པ་ཞིག་ཡོད་པ་ནས། རྗེ་འདི་ཉིད་ཀྱི་མནལ་ལམ་ལ་གསལ་བར་དགོངས་ཏེ། ཨའོ་གྲགས་པ་སོགས་ཁོང་གི་གཞིས་ན་ཡོད་པ་རྣམས་ལ། ངེད་རང་གི་ཇ་པ་དཔོན་གཡོག་རྣམས་ལ་དགྲ་ཡོང་བ་ཡོད་པས། སྐུ་རིམ་བཟང་པོ་བྱེད་དགོས་གསུངས་པས། དད་ནོར་འབྱོར་ལྡན་ཡོད་པའི་ཉལ་པོ་སྤྱི་དཀར་དུ་རྗེ་དཔོན་སློབ་སྤྱན་དྲངས། དཔོན་སློབ་ཀྱི་ཆོས་སྐྱོང་ལ་འཕྲིན་བཅོལ་དྲག་པོ་མཛད་པས། ནུབ་ཅིག་ཡོན་བདག་རང་གི་རྨི་ལམ་དུ་རྗེ་ཉིད་ཅུང་ཟད་བཀའ་སྐྱོན་པའི་རྣམ་པས་ཁྱོད་རང་ང་ལ་ཉན་ན་འདི་གོན་གསུང༌། ཁྲབ་གཅིག་གནང་བ་གོན་པར་རྨིས། དེའི་སང་ཉིན་ཁོང་རྣམས་ལ་སོག་པོའི་དགྲ་འཇིགས་པ་བྱུང་སྟེ། ཡོན་བདག་གི་རྟ་གཅིག་པོ་མ་གཏོགས། གཞན་ཇ་པ་དེ་སྐོར་གྱི་ཁལ་མ་ཚང་མ་ཤོར། ཡོན་བདག་གིས་རྟ་ཞོན་ནས་རྗེས་སུ་བསྙེགས་པས། ལུས་ལ་མདའ་དུ་མ་ཕོག་ཀྱང་སྐྱོན་པར་མ་བྱུང་བ་ནས། རྗེས་