[A:༨༡]སུ་ཁོང་བརྒྱུད་པ་དང་བཅས་པ་ཡོན་བདག་དད་ཐོབ་དུ་ཕུན་སུམ་ཚོགས་པར་གྱུར། གདེངས་ཚན་ཡིད་ཆེས་དང་ལྡན་པའི་མགུར་མ་བཞུགས། །དག་ཡུལ་སྣང་གི་དད་ལྡན་གྱི་ཡོན་བདག་གཡང་ངོས་པ་ཞེས་པ་སྔར་འདྲིས་ཆེར་མེད་ཀྱང༌། ཉལ་པོ་ནས་དཔོན་སློབ་རྣམས་ཀྱིས་ཁུངས་བསྟན་ནན་ཆེར་ཡོང་དགོས་ཟེར་ཕྱིན། ཁོང་པ་ཚང་མ་ནད་རིམས་ཐུ་བ་ཞིག་གིས་གཙེར་འདུག་པས། ཕྱག་གཡོག་བཙུན་ཆུང་ཞིག་གིས་ལྷུན་གྲུབ་སྡིངས་སུ་ཕྱིན་པས། ནང་སོས་ཐུགས་བརྩེ་བའི་ཞལ་ཏ་འདྲ་མཛད། དང་པོ་བླ་མ་ཞིག་ནད་རིམས་ཡོད་སར་མཛོ་འབུལ་ཟེར་གདན་དྲངས། མཛོལ་བེད་སྤྱོད་མེད་པར་བླ་མ་རང་ནད་རིམས་དེས་གྲོངས། དེ་འདྲ་ཡོང༌། ད་ཡུན་རིང་མ་བཞུགས་ཞུ་ཡི་འདུག་ཞུས། དེ་སྐད་ཞུས་པས་སྤྱིར་དེ་སྐད་གསུང་བ་བདེན་མོད་ཀྱང༌། ངེད་རང་ནོར་ཡོང་བསམ་པའི་འདུན་པ་ཡང་མེད། མི་ལ་ཕན་སྙམ་ཕྱིན་པ་ཡིན། ཁྱད་པར་ཕ་བླ་མ་ཚར་པ་ཆེན་པོའི་བཀའ་དྲིན་ལ་དེའི་ནད་སོགས་ལ་འཇིགས་པ་མེད་བསམ། གདེངས་ཚད་དང་ལྡན་པའི་མགུར་བླངས་པ། གངས་ཅན་མཁས་གྲུབ་གཙུག་གི་རྒྱན། །བསྟན་པའི་མངའ་བདག་ས་སྐྱ་པའི། །སྙན་བརྒྱུད་གདམས་པ་འཛིན་པ་ལ། །ཟླ་མེད་ཀྱི་རྗེ་བཙུན་ཚར་ལ་འདུད། །ཤར་གངས་དཀར་གྱི་ཟུར་ཕུད་ལ། །སེང་གེ་དཀར་མོ་མཆོང་ཞིག་རྒྱུག །གངས་བུ་ཡུག་འཚུབ་མ་ཆེ་ན་ཡང༌། །སེང་ཆེན་བུ་ཡུག་གིས་འཚུབ་མི་སྲིད། །གངས་དཀར་དུ་སྐྱེས་པའི་ཡོན་ཏན་ཡིན། །སེང་ཆེན་མ་གཏོགས་གཅན་གཟན་ཚོགས། །གནས་དེ་རུ་ཕྱིན་ན་སྙིང་རབ་འགས། །དེས་ན་བག་ཡོད་ཀྱི་ཟོན་གྲིམས་གཅེས། །ནུབ་བྲག་དམར་མཐོན་པོའི་གཡང་ས་ལ། །བྱ་རྒོད་པོའི་ཚོགས་རྣམས་ལྡིང་ཞིང་གནས། །བྲག་དམར་དེ་གཡང་ས་ཆེ་ན་ཡང༌།