[A:༨༢] །བྱ་རྒྱལ་ཁོ་བྲག་ལ་ལྷུང་མི་སྲིད། །དེ་གཤོག་སྒྲོ་རྒྱས་པའི་ཡོན་ཏན་ཡིན། །བྱ་རྒྱལ་མ་གཏོགས་བྱ་ཕྲན་གྱི་ཚོགས། །གནས་དེ་རུ་ཕྱིན་ན་སྙིང་རྩ་འདར། །དེས་ན་བག་ཡོད་ཀྱི་ཟོན་གྲིམས་གཅེས། །ལྷོ་མོན་པའི་ཡུལ་གྱི་ནགས་ཁྲོད་ན། །རྒྱ་སྟག་ཁྲ་བོ་མཆོང་ཞིང་རྒྱུག །ནགས་རྩ་བ་འཐུག་ཅིང་འཚུབ་ན་ཡང༌། །རྒྱ་སྟག་ཁོ་ནགས་ཀྱིས་འཐུམས་མི་སྲིད། །དེ་དཔའ་རྩལ་འཛོམ་པའི་ཡོན་ཏན་ཡིན། །རྒྱ་སྟག་མ་གཏོགས་ཝ་ཚོགས་ཀྱིས། །གནས་དེ་རུ་ཕྱིན་ན་སྙིང་རབ་འགས། །དེས་ན་བག་ཡོད་ཀྱི་ཟོན་གྲིམས་གཅེས། །བྱང་རྫ་རི་སྨུག་པོའི་དཀྱིལ་ཞིག་ལ། །འབྲོང་པོ་བྲེ་སེར་རྣམས་འགྲིམས་ཞིང་གནས། །རྫ་རོང་ཁུང་དོག་ཅིང་མཐོ་ན་ཡང༌། །འབྲོང་པོ་རྫ་ལ་ལྷུང་མི་སྲིད། །རྩལ་ཆེན་རྫོགས་པའི་ཡོན་ཏན་ཡིན། །འབྲོང་པོ་མ་གཏོགས་གཡག་ངན་གྱི་ཚོགས། །གནས་དེ་རུ་ཕྱིན་ན་སྙིང་རབ་འགས། །དེས་ན་བག་ཡོད་ཀྱི་ཟོན་གྲིམས་གཅེས། །དབྱར་ཆུ་བོ་པཀྵུའི་རྦ་ཀློང་ལ། །ལྟོ་དཀར་ཉ་མོ་འཕར་ཞིང་རྒྱུག །ཆུ་ཆེན་དེ་རྦ་ཀློང་འཁྲུག་ན་ཡང༌། །ཉ་མོ་རྣམས་ཆུ་ཡིས་འཚུབ་མི་སྲིད། །དེ་ཆུ་རྩལ་རྒྱས་པའི་ཡོན་ཏན་ཡིན། །ཉ་ཆེན་མ་གཏོགས་སྦལ་ལྗོང་གི་ཚོགས། །གནས་དེ་རུ་ཕྱིན་ན་སྙིང་རབ་འགས། །དེས་ན་བག་ཡོད་ཀྱི་ཟོན་གྲིམས་གཅེས། །དག་ཡུལ་གཡང་ངོས་ཀྱི་ཁང་བཟང་ན། །རྣལ་འབྱོར་པ་བྱ་བྲལ་མཻ་ཏྲི་འཕྱོ། །ནད་རིམས་ཀྱི་དྲག་རྩལ་ཆེ་ན་ཡང༌། །རྣལ་འབྱོར་པ་ནད་ལ་འཇིགས་མི་སྲིད། །ཕ་རྗེ་བཙུན་ཚར་པའི་བཀའ་དྲིན་ཡིན། །གདེངས་ཡོད་ཀྱི་རྣལ་འབྱོར་མ་གཏོགས་པ། །གནས་དེ་རུ་ཕྱིན་ན་སྙིང་རབ་འགས། །དེས་ན་བག་ཡོད་ཀྱི་ཟོན་གྲིམས་