R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༨༣
[A:༨༣]གཅེས། །ཚེ་འདི་ཡི་ཆེ་མཐོ་ཐོབ་གྱུར་ཅིང༌། །ཟ་འོག་ལ་སོགས་ལུས་ལ་སྤྲས། །མང་པོའི་འཁོར་གྱི་དབུས་གནས་ཀྱང༌། །རང་ལ་ལུང་རྟོགས་ཡོན་ཏན་ནི། །མོ་གཤམ་བུ་ལྟར་གྱུར་ན་ཡང༌། །ཆེན་པོའི་གཏམ་གྱི་དྲེགས་པ་འབྱིན། ལུང་མེད་ཀྱི་དཔེ་ཆ་ཕྱོགས་བཅུར་སྡུད། །ཟབ་མོར་རློམ་པའི་དམ་ཆོས་འཆད། །ང་རྒྱལ་གྱི་རི་བོ་མཐོ་ལ་འཁྲེགས། །དེ་འདྲའི་བཤེས་གཉེན་རྗེས་འབྲངས་རྣམས། །ལོག་པའི་ལམ་དེ་རབ་བོར་ལ། །ལེགས་པའི་ལམ་ལ་བསྙེག་འདོད་ན། །བརྒྱུད་ལྡན་གྱི་བླ་མ་སངས་རྒྱས་དངོས། །ལེགས་པར་བཙལ་ཏེ་མཉེས་པར་གྱིས། །སྙན་བརྒྱུད་ཀྱི་གདམས་པ་ལེགས་པར་ཞུས། །བླ་མའི་བཀའ་ལས་མ་འདའ་བར། །བསྙེན་པ་དང་སྒྲུབ་པ་མཐར་ཕྱིན་མཛོད། །དེ་ལྟར་བྱས་ན་འཇིགས་ལས་རྒྱལ། །རང་གཞན་ཀུན་ལ་ཕན་པར་ངེས། །དེ་ཐུགས་ལ་གཞོག་མཛོད་སྐལ་ལྡན་ཀུན། །ཅེས་པ་གདེངས་ཚད་དང་ལྡན་པའི་གླུ་བླངས་པ་འདི། རྗེ་བཙུན་ཁའུ་པ་ཡབ་སྲས་ཀྱི་རྗེས་འབྲང་ལྷ་བཙུན་མཻ་ཏྲིས་རང་བྱུང་ཐོལ་སྐྱེས་སུ་བླངས་པ་དགེ་ལེགས་འཕེལ། །ཡང་སྒོ་མོ་ན་ལོད་པའི་སྐབས་ཤིག་སྤྲུལ་པའི་སྐུ་བསོད་ནམས་རྒྱ་མཚོ་བས་རྒྱལ་ལ་ཡོང་དགོས་ཕེབས་ཏེ། ན་མོ་གུ་ར་ཝེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །འཕྲིན་ལས་ངོ་བོ་གཅིག་བསྡུས་པ། །འཛམ་གླིང་ཡོངས་ལ་གྲགས་པ་ཡིས། །རྗེ་བཙུན་ཚར་པའི་ཞབས་ལ་འདུད། །ཕ་ཁྱེད་ཀྱིས་བྱིན་གྱིས་བརླབས་པ་ཡིས། །བུ་ཡི་ཐ་ཆུང་མཻ་ཏྲི་ང༌། །ཁ་བ་ཅན་ལྗོངས་སྒོས་ཀྱི་ལྷ། །སྤྱན་རས་གཟིགས་མགོན་འབྲོམ་སྟོན་གྱི། །སྤྲུལ་པ་བསོད་ནམས་རྒྱ་མཚོ་བས། །གནས་མཆོག་རྒྱལ་ལ་ཤོག་ཅེས་