[A:༨༥]གཉིད་དུ་སོང༌། ནམ་ལངས་ལ་ཁྱིམ་མཚེས་ཀྱི་བཙུན་མ་ཞིག་གིས་ད་འབྱོན་རན་ཟེར། སྐད་བཏང་བྱུང་བའི་མོད་ལ་གཉིད་ཧད་སད། ཧར་དེ་ལངས་ལུས་ཚགས་བྱས་ལངས་སོང༌། སླར་སླེབ་ནས་ཐུགས་དམ་སོགས་ཚིག་གཅིག་ཀྱང་མི་བྱེད་པར་ཁ་ཡན་མིག་ཡན་བྱས་བསྡད་འདུག །བསམ་པ་ལ་འདི་འདྲའི་ཆོས་པའི་གཟུགས་མི་མགོ་བསྐོར་བའི་ཟོག་པོ་ལས་འབྲས་ཁྱད་དུ་གསོད་པ་མང་པོ་ཡོད་བསམ། ཡིད་སྐྱོ་བའི་ངང་ནས་གླུ་བླངས་པ། གཙང་མཁས་གཞན་ལ་ཕན་པ་ཡི། །ཡོངས་འཛིན་ཚར་པའི་ཞབས་ལ་འདུད། །དིང་སང་གངས་ཅན་ལྗོངས་འདི་ན། །ཕྱི་ལྟས་བཙུན་ལ་མཛེས་ཆགས་ཅན། །སྙིང་ནས་ཆོས་རང་མ་དྲན་པའི། །ཆོས་པ་འདི་ཚོ་མཐོང་བའི་ཚེ། །རྣལ་འབྱོར་སེམས་ཉིད་སྐྱོ་རང་སྐྱོ། །ཕྱི་ལྟས་སེམས་ཆུང་སྙོམས་ཆུང་གཟུགས། །ནང་ལྟས་སྒོམ་ཆེན་དོན་ཆེན་པོ། །གསང་ལྟས་དོན་གཉིས་ལྷུན་གྲུབ་བོ། །འདི་ཕ་བླ་མ་དམ་པའི་བཀའ་དྲིན་ཡིན། །སྒོས་ཚར་པ་ཆེན་པོའི་བཀའ་དྲིན་ཡིན། །བཀའ་དྲིན་འཁོར་ཐབས་མེད་དོ་བླ་མ་རྗེ། །སྙིང་ནས་འབྲལ་ཐབས་མེད་དོ་རིན་པོ་ཆེ། །བྱིན་རླབས་རྒྱུན་མི་འཆད་དོ་ཐུགས་རྗེ་ཅན། །ཞེས་ཀྱང་སྨྲས་སོ། །སླར་ལོ་ནས་དཔོན་ཆེན་དྲུང་གིས་ལོའི་གདན་ས་བྱེད་དགོས་གསུང༌། སྒོ་ཡབ་ཀྱང་ལོ་ཤས་བྱས། །གྲྭ་རིགས་སྦྱིན་བདག་རྣམས་ལ་ཅི་ཕན་བྱས་པའི་ཁུངས་ཡིན། དེར་རྗེས་ཀྱང་སྔར་གྱི་གནས་དེ་ལྟ་བུ་ཞིག་ཏུ་ཐུགས་དམ་མ་བྱས་ན་མི་ཡོང་བ་འདུག་བསམས་འཇོག་ཅི་ཐུབ་བྱས། ཇ་བཟང་དུ་རྒྱངས་པ་མཚམས་བྱས་པ་ཡིན། ད་ན་སོ་ཡང་མཐོན་པོར་སོང༌། སྔ་སོར་རིན་པོ་ཆེ་ཚར་ཆེན་གྱི་བཀའ། དེར་རྗེས་སྤྱན་སྔ་རིན་